ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་བཏོན་པ་དང་ལེན་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཉིན་དེར་བསྟན་དོན། ཁྲའོ་ཞན་གྱིས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་རེ་འདུན་བསྟན་ཡང་། ཨ་མེ་རི་ཁས་གྲོས་མོལ་ཐད་ནས་བཏོན་པའི་སྔོན་འགྲོའི་ཆ་རྐྱེན་དང་ལེན་བྱེད་མི་སྲིད་ཟེར།

མགྲིན་ཚབ་པ་དེས་ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གི་གསར་འགོད་པའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་གནད་དོན་སྐོར་གྱི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཨ་མེ་རི་ཁས་ཉེ་སྔོན་བསྟན་དོན། གལ་ཏེ་ཆ་རྐྱེན་འོས་འཚམ་མི་ལྡན་ན་གྲོས་མོལ་བྱེད་མི་སྲིད་པ་དང་། ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆ་དང་འཕུར་མདའ་བསྐྱུར་བའི་རེ་འདུནན་ལ་མུ་མཐུད་དུ་ལྟ་ཞིབ་བྱེད་རྒྱུ་ཡིན་པ་སོགས་ཀྱི་གཏམ་བཤད་སྤེལ་ནས་གྲོས་མོལ་ལ་སྔོན་འགྲོའི་ཆ་རྐྱེན་བཏོན་ཡོད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། དེང་སྐབས་ལྷོ་བྱང་ཕྱོགས་གཉིས་ཀྱིས་ཞི་བའི་གྲོས་མོལ་དང་མཉམ་ལས་བྱེད་པའི་རྣམ་པ་གསར་བ་བྱུང་ཡོད། ཁྲའོ་ཞན་གྱིས་མི་རིགས་ཡོངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེར་རེ་སྒུག་བྱེད་པའི་ཐུན་མོང་རེ་འདུན་ལ་གཞིགས་ཏེ། ཁྲའོ་ཞན་བར་གྲོས་མོལ་བྱེད་འདོད་ཡོད་པའི་རེ་འདུན་བསྟན། ཁྲའོ་ཞན་ཕྱོགས་ཀྱིས་རེ་སྙེག་བྱེད་པའི་གྲོས་མོལ་ནི་རྒྱལ་ཁབ་འདྲ་མཉམ་དང་། ཕན་ཚུན་གྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་གཞིགས་ནས་གྲོས་བསྡུར་བྱེད་རྒྱུ་དེ་ཡིན་ཟེར།

མགྲིན་ཚབ་པས་བཤད་རྒྱུར། ཁྲའོ་ཞན་གྱིས་གྲོས་མོལ་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཀྱང་། གྲོས་མོལ་དེར་རེ་ཞུ་བྱེད་མི་སྲིད་ལ། བསམ་བཞིན་དུ་ཨ་མེ་རི་ཁའི་དམག་དོན་གདམ་གསེས་ལ་གཞོལ་མི་སྲིད། ཁྲའོ་ཞན་ལ་ཨ་མེ་རི་ཁའི་བྱེད་ཐབས་གང་རུང་ཐག་གཅོད་བྱེད་པའི་ནུས་པ་དང་འདོད་བློ་ཡོད་ཅིང་། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དེ་ཨ་མེ་རི་ཁའི་རྣམ་འགྱུར་ལ་རག་ལས་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཁྲའོ་ཞན་གྱི་གྲོས་མོལ་རེ་འདུན་ལ་གོ་བ་ལོག་འཛིན་བྱེད་མི་རུང་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།