ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ཉེན་རྟོག་པའི་སྒར་ས་གཉིས་ལ་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཁུན་ནེ་ཡཱའི་བྱང་ཤར་ཕྱོགས་ཀྱི་སོ་མཱ་ལི་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་ཉེན་རྟོག་པའི་སྒར་ས་གཉིས་ལ་ཉིན་དེར་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་ཏེ། ཉེན་རྟོག་པ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

ཁུན་ནེ་ཡཱའི་བྱང་ཤར་ས་ཁུལ་གྱི་མཐུན་སྦྱོར་དཔོན་པོ་སཱ་ལེ་ཧི་ཡིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། ས་དེའི་ཚེས་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་སྟེང་། ལུས་ཡོངས་དྲག་ཆས་སྤྲས་པའི་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་དོགས་པའི་དྲག་ཆས་ཉེས་ཅན་སྐོར་བརྒྱ་ཙམ་གྱིས་ཁུན་ནེ་ཡཱའི་བྱང་ཤར་ཕྱོགས་ཀྱི་མན་ཏི་ལཱ་རྫོང་གི་ཉེན་རྟོག་པའི་སྒར་ས་གཉིས་ལ་འཇབ་རྒོལ་བྱས་པར་མ་ཟད། སྒར་སའི་ནང་གི་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་། ཉེན་རྟོག་པ་ལྔ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཉེན་རྟོག་པ་གསུམ་ལ་རྨས་ཕོག་ཡོད་ཟེར།

སཱ་ལེ་ཧི་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་ནི་སོ་མཱ་ལི་བརྒལ་ནས་ཁུན་ནེ་ཡཱའི་མངའ་ཁོངས་སུ་ཡོང་བ་ཡིན་སྲིད་ཅིང་། ཁོ་ཚོས་ཉེན་རྟོག་པའི་སྒར་སར་འཇབ་རྒོལ་མ་བྱས་གོང་འཕྲིན་གཏོང་ལྕགས་སྡོང་གཏོར་བས་ས་དེའི་འཕྲིན་གཏོང་ཞབས་ཞུ་མཚམས་ཆད་པར་བྱས་ཡོད་ཟེར།

སཱ་ལེ་ཧི་ཡིས་བཤད་རྒྱུར། འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།