ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་དང་ཧན་གོས་ཁྲའོ་ཞན་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་དོན་ལ་གྲོས་མོལ་བྱས།

    སྤེལ་དུས། : 2018-02-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་དང་ཧན་གོས་ཚེས་ཉེར་བདུན་ཉིན་པན་མིན་མགྲོན་ཁང་གི་ཁྲའོ་ཞན་ཕྱོགས་ཀྱི་གཅིག་གྱུར་ཚོམས་ཁང་ནས་བྱ་བའི་གྲོས་མོལ་སྤེལ་ཏེ། ཁྲའོ་ཞན་ཕྱོགས་སྐབས་བཅུ་གཉིས་པའི་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་དོན་ལ་གྲོས་བསྡུར་བྱས།

བསྒྲགས་པ་ལྟར་ན། གྲོས་མོལ་ནས་མཉམ་འབྲེལ་གསར་འགྱུར་སྤྱི་སྒྲོག་ལས་གྲོས་འཆམ་བྱུང་། སྤྱི་སྒྲོག་ལ་ཁྲའོ་ཞན་ཕྱོགས་ཀྱིས་མི་རིགས་ཀྱི་དབང་བོ་སྐྱོན་ཅན་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པ་དང་ལུས་རྩལ་པའི་འཐུས་ཚབ་ཚོགས་པ་སྐབས་བཅུ་གཉིས་པའི་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་མངག་པ་དང་། འཐུས་ཚབ་ཚོགས་པའི་འགྲོ་འོང་ལམ་ཐིག དུས་ཚོད། དེ་མིན་ཧན་གོའི་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་སྟབས་བདེ་འདོན་སྤྲོད་བྱེད་པ་སོགས་ཀྱི་ནང་དོན་འདུས།

སྤྱི་སྒྲོག་ལས་ད་རུང་བསྟན་དོན། ཁྲའོ་ཞན་ཕྱོགས་སྐབས་འདིའི་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་བྱེ་བྲག་གི་བྱེད་སྒོ་རང་བཞིན་གྱི་གནད་དོན་དེར་ཡིག་ཆ་བརྗེ་སྤོར་གྱི་ཐབས་ལ་བརྟེན་ནས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

སྐབས་འདིའི་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ནི་ཟླ་གསུམ་པའི་ཚེས་དགུ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཕེན་ཁྲང་ནས་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།