ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་སྤྱད་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་ལྔ་ཉིན་ཨ་མེ་རི་ཁས་ཁྲའོ་ཞན་ལ་སྐོར་ཐེངས་གསར་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དེའི་དམིགས་ཡུལ་ནི་ཁྲའོ་ཞན་ཕྱེད་གླིང་ནས་ཡང་བསྐྱར་དགྲར་འཛིན་གྱི་འཐབ་འཁྲུག་སློང་བའི་ཆེད་དུ་རེད་ཟེར།

ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། མིག་སྔར་ལྷོ་བྱང་ཕྱོགས་གཉིས་བར་གྲོས་མོལ་དང་མཉམ་ལས་ཀྱི་རྣམ་པ་བཟང་བོ་བྱུང་ཡོད་ཅིང་། ཕྱོགས་གཉིས་ཀྱི་མཉམ་དུ་འབད་བརྩོན་བྱས་འོག ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་ཡོད། ཡིན་ཡང་ཨ་མེ་རི་ཁས་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཇུག་མ་སྒྲིལ་གོང་ཁྲའོ་ཞན་ལ་གཞི་རྒྱ་ཆེ་བའི་བཀག་སྡོམ་བྱེད་ཐབས་སྤྱད་དེ། ཁྲའོ་ཞན་ཕྱེད་གླིང་དུ་ཡང་བསྐྱར་དགྲར་འཛིན་གྱི་འཐབ་འཁྲུག་སློང་རྩིས་བྱས་པ་རེད་ཟེར།

མགྲིན་ཚབ་པས་བཤད་རྒྱུར། ཁྲའོ་ཞན་ཕྱོགས་ཀྱིས་བཀག་སྡོམ་གང་རུང་འཐབ་འཁྲུག་གི་བྱ་སྤྱོད་དུ་བལྟ་སྲིད་པའི་བསམ་ཚུལ་ཐེངས་མང་བོར་རྒྱས་བཤད་བྱས་ཡོད། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པ་དང་ཕྱེད་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་མངོན་པའི་ལྷག་བསམ་དང་འབད་བརྩོན་སྣང་མེད་དུ་བསྐྱུར་ནས། བསམ་བཞིན་དུ་དཀྲུག་ཤིང་འཕེན་ན། ཁྲའོ་ཞན་གྱིས་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་ཨ་མེ་རི་ཁར་ཆད་གཅོད་བྱེད་ངེས་ཡིན་ཟེར།

མགྲིན་ཚབ་པ་དེས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་གང་འདོད་འདོད་བྱས་ཏེ་ཕྱེད་གླིང་གི་གནས་བབ་དེ་ཡང་བསྐྱར་འཐབ་འཁྲུག་གི་གནས་སུ་ལྷུང་དུ་བཅུག་ན། དེ་ལས་བྱུང་བའི་གྱོང་གུད་ཚང་མ་ཨ་མེ་རི་ཁའི་མགོར་ལྷུང་སྲིད་ཟེར།

ཟླ་འདིའི་ཚེས་ཉེར་གསུམ་ཉིན། ཨ་མེ་རི་ཁའིི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་ལ་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཉིན་དེར་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཁྲའོ་ཞན་གྱི་དངོས་ཚོགས་དང་མི་སྒེར་ང་དྲུག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཏེ། ཁྲའོ་ཞན་གྱིས་བཀག་སྡོམ་ལ་ཡོལ་བའི་ཐབས་ལམ་ཚང་མ་མེད་པར་བཏང་ནས། ཨ་མེ་རི་ཁས་ཁྲའོ་ཞན་ལ་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་ལག་བསྟར་བྱས། གཏན་འཁེལ་ལྟར་ན། བཀག་སྡོམ་ཐེབས་པའི་མི་སྒེར་དང་དངོས་ཚོགས་ཀྱི་ཨ་མེ་རི་ཁའི་མངའ་ཁོངས་དང་ཨ་མེ་རི་ཁའི་སྤྱི་དམངས་ཀྱི་མ་དངུལ་དག་བཀག་ཉར་བྱེད་རྒྱུ་ཡིན་ལ། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དང་ཉོ་ཚོང་བྱེད་མི་རུང་བ་རེད།

དེ་ལས་གཞན་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ད་རུང་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཨ་མེ་རི་ཁའི་མཚོ་འགྲམ་ཉེན་སྲུང་རུ་ཁག་ལ་མཉམ་འབྲེལ་བྱས་ཏེ་འཛམ་གླིང་ཡོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྱི་གསལ་འདེབས་ཁྱབ་སྒྲོག་བྱས་ནས། མུ་མཐུད་དུ་མཚོ་ཐོག་སྐྱེལ་འདྲེན་གྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་བར་ཉོ་ཚོང་བྱེད་མཁན་ལ་བཀག་སྡོམ་ཐེབས་སྲིད་པའི་ཉེན་བརྡ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།