ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཉིན་དེར་ཕེན་ཁྲང་ནས་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་གྱི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས། ཁྲའོ་ཞན་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་རེ་འདུན་དྲག་པོ་ཡོད་པའི་ཚུལ་བསྟན།

ཆིན་ཝ་ཐེའི་མགྲིན་ཚབ་པ་ཅིན་དབྱེ་ཆན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་ཉིན་དེར་ཕེན་ཁྲང་ནས་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས་སུ་ཡོང་བའི་ཁྲའོ་ཞན་ཕྱོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་དུས་ཚོད་གཅིག་ལ་གྲོས་མོལ་བྱས་པ་རེད། ཝུན་ཙེ་ཡུན་གྱིས་བཤད་རྒྱུར། དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གི་སྐབས་སུ་ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རུ་ཁག་རྩ་འཛུགས་བྱས་ནས་འགྲན་སྡུར་ལ་ཞུགས་པ་དང་། མགོ་རྩོམ་པའི་མཛད་སྒོའི་སྟེང་མཉམ་དུ་ཚོགས་རར་ཞུགས་ཏེ་འཛམ་གླིང་ཡོངས་ལ་ཡིད་འགུལ་ཐེབས་སུ་བཅུག་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དེ་ཞི་བདེའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཤིག་ཏུ་གྱུར་ཡོད་ཟེར།

ཅིན་དབྱེ་ཆན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཝུན་ཙེ་ཡུན་གྱིས་གྲོས་མོལ་བྱེད་སྐབས་ལྷོ་བྱང་གི་འབྲེལ་བར་ཁྱབ་རྒྱ་སྔར་ལས་ཆེན་མོའི་ནང་གྲུབ་འབྲས་ཐོབ་པར་རེ་བ་བཅངས་ཡོད་པའི་ཚུལ་བསྟན། ཁྲའོ་ཞན་ཕྱོགས་ཀྱིས་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལའང་རེ་འདུན་རེ་འདྲ་ཡོད་པར་བཤད། ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱེད་པ་དང་རྩ་བའི་ཐོག་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་ཆེད། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་སྔ་མོ་ནས་སྤེལ་དགོས་ཟེར། ཁྲའོ་ཞན་ཕྱོགས་ཀྱིས་དོན་དེ་ཁས་ལེན་བྱས་པ་དང་། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་དེ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་ཚུལ་བསྟན།

ཉིན་དེར་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲི་ཡིས་ཁྲའོ་ཞན་གྱི་མཐོ་རིམ་འཐུས་ཚབ་ཚོགས་པ་ཁྲིད་དེ་ཅིན་དབྱེ་སྐམ་སའི་ལམ་བརྒྱུད་དེ་ཧན་གོར་འཚམས་འདྲི་བྱས་པ་དང་། ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་བསྡུའི་མཛད་སྒོར་ཞུགས། འཐུས་ཚབ་ཚོགས་པའི་ཁོངས་མིར་ད་དུང་ཁྲའོ་ཞན་མེས་རྒྱལ་ཞི་བདེ་དང་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧྲན་ཆོན་དང་དེའི་རྗེས་འདེད་མི་སྣ་དྲུག་བཅས་འདུས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།