ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་ཕྱོགས་ཀྱིས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ས་འོག་ཕུག་ལམ་ཞིག་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཉིན་དེའི་ཞོགས་པར་རྒྱལ་སྲུང་དམག་དཔུང་གིས་ཅཱ་ཧྲ་ལྷོ་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་སྦྲེལ་བ་དང་ཨེ་ཅིབ་ཀྱི་མངའ་ཁོངས་བར་སྦྲེལ་བའི་ས་འོག་ཕུག་ལམ་ཞིག་གཏོར་ཟེར།

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པས་ཉིན་དེར་བཤད་རྒྱུར། ས་འོག་ཕུག་ལམ་ནི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བརྐོས་པ་ཡིན་ཞིང་། དབྱི་སི་རལ་ནས་ཅཱ་ཧྲ་ས་ཁུལ་བར་གྱི་རང་བྱུང་སོལ་རླངས་དང་ཁྲེ་སྣུམ་སྦུག་ལམ་དང་ཉེ་འདབས་ཀྱི་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་སོ་ལྟ་ཁང་ཞིག་གི་འོག་ཏུ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་དབྱི་སི་རལ་དང་ཅཱ་ཧྲའི་འབྲེལ་མཚམས་ཀྱི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་ནས་ས་འོག་ཕུག་ལམ་གཏོར་བའི་འགུལ་སྐྱོད་སྤེལ་བ་རེད།

ཉིན་དེར་དབྱི་སི་རལ་དམག་ཕྱོགས་ཀྱིས་ཁའེ་ལོས་མུའུ་ཧྲ་ལོ་མུའུ་ཉོ་ཚོང་གྲུ་ཁའི་སྒོ་བརྒྱབ་པ་དང་། དེ་ནི་ཉེ་བའི་ཟླ་ངོ་གཅིག་གི་རིང་དབྱི་སི་རལ་དམག་ཕྱོགས་ཀྱིས་སྒོ་བརྒྱབ་པའི་ཚོང་རྫས་བརྒྱུད་གཏོང་བྱེད་སའི་གྲུ་ཁ་གཉིས་པ་རེད། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་བཤད་རྒྱུར། ཧཱ་མཱ་སི་ཡིས་གྲུ་ཁའི་སྒོ་བརྒྱབ་པ་ལས་བཟོས་པའི་ཤུགས་རྐྱེན་ལ་འགན་ཁུར་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།