ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་མཇུག་སྒྲིལ་བ་དང་ལས་སྣ་མང་བོར་གྲོས་འཆམ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1月9日,在板门店韩方一侧“和平之家”举行的韩朝高级别会谈上,朝方代表团团长、朝鲜祖国和平统一委员会委员长李善权(左)与

ཟླ་དང་པོའི་ཚེས་དགུའི་ཉིན། པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ནས་སྤེལ་བའི་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྟེང་། ཁྲའོ་ཞན་ཕྱོགས་ཀྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧྲན་ཆོན་དང་ཧན་གོའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། གཅིག་གྱུར་པུའུ་ཡི་དཔོན་པོ་ཀྲའོ་མེན་ཅོན་གཉིས་ཀྱིས་ལག་འཇུ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་དགུའི་ཉིན་གྱི་དགོང་མོར་པན་མིན་མགྲོན་ཁང་ནས་མཐོ་རིམ་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་ཕེན་ཁྲང་གི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་སྡེ་ཁག་གི་གྲོས་མོལ་སྤེལ་བ་སོགས་ལས་དོན་ཐད་ནས་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་ནན་གྱིས་བསྟན་དོན། ཁྱབ་ཁོངས་སོ་སོའི་གྲོས་མོལ་བ་དང་། གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་སྤེལ་བའི་ཐུན་མོང་གསལ་སྒྲོག་ལྟར་ན། ཁྲའོ་ཞན་ཕྱོགས་ཀྱིས་མཐོ་རིམ་འཐུས་ཚབ་ཚོགས་པ་དང་མི་རིགས་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་ཚོགས་པ་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པར་མངག་རྒྱུ་ཡིན་པ་རེད། དེ་ལས་གཞན་ཁྲའོ་ཞན་ཕྱོགས་ཀྱིས་ད་རུང་ལུས་རྩལ་པའི་ཚོགས་པ་དང་སྒྱུ་རྩལ་ཚོགས་པ། གསར་འགོད་པའི་ཚོགས་པ་བཅས་ཀྱང་ཧན་གོར་མངག་རྒྱུ་ཡིན་ལ། ཧན་གོའི་ཕྱོགས་ཀྱིས་དོན་དེར་དགོས་ངེས་ཀྱི་སྟབས་བདེ་བསྐྲུན་རྒྱུ་རེད།

ཕྱོགས་གཉིས་ཀྱིས་གྲོས་མོལ་སྤེལ་ཏེ། ཁྲའོ་ཞན་ཕྱོགས་ཀྱིས་སྔོན་སྐྱོད་རུ་ཁག་མངག་ནས་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པ་སོགས་འབྲེལ་ཡོད་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། ཉིན་རེའི་གྲོས་རིམ་དེའི་རྗེས་སུ་ཡིག་ཆའི་རྣམ་པར་བྱས་ནས་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།

ཧན་གོ་དང་ཁྲའོ་ཞན་གྱིས་ད་རུང་མིག་སྔའི་དམག་དོན་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་ཐད་གྲོས་འཆམ་བྱུང་བ་དང་། ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་སྡེ་ཁག་གིས་གྲོས་མོལ་བྱེད་རྒྱུ་ཐག་བཅད། ཕྱོགས་གཉིས་ཀྱིས་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་མཉམ་དུ་འབད་བརྩོན་བྱས་ཏེ། དམག་དོན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་ལ་ཞི་བདེའི་ཁོར་ཡུག་བསྐྲུན་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱི་བསྟན་དོན། ཧན་གོ་དང་ཁྲའོ་ཞན་གྱིས་ཁྱབ་ཁོངས་མང་བོའི་འབྲེལ་འདྲིས་དང་འགྲོ་འོང་། བརྗེ་རེས་དང་མཉམ་ལས་བཅས་ལ་ཡར་སྐུལ་བཏང་སྟེ། མི་རིགས་འགྲིག་མཐུན་དང་མཐུན་སྒྲིལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ལ། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་གཅིག་གྱུར་པུའུ་ཡི་དཔོན་པོ་ཀྲའོ་མེན་ཅོན་གྱིས་དེའི་རྗེས་སུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། གྲོས་མོལ་དེ་ལྷག་བསམ་རྣམ་དག་དང་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་སྤེལ་བ་དང་། ཐེངས་འདིའི་གྲོས་མོལ་ནི་ལྷོ་བྱང་འབྲེལ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ཞིག་ཡིན་ལ། ལྷོ་བྱང་འབྲེལ་བ་སླར་གསོ་དང་འཕེལ་རྒྱས་འབྱུང་བར་དོན་སྙིང་གལ་ཆེན་ཡོད་པར་མ་ཟད། ཁྲའོ་ཞན་ཕྱོགས་ཕེན་ཁྲང་གི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཐག་བཅད་པ་དང་། ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་གོ་སྐབས་གསར་བ་བསྐྲུན་ཡོད་ཟེར།

ཀྲའོ་མེན་ཅོན་གྱིས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ད་རུང་ཁྲའོ་ཞན་ཕྱོགས་ལ་སྔ་མོ་ནས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པའི་སྐོར་གྱི་གྲོས་མོལ་སླར་གསོ་བྱེད་པའི་ལངས་ཕྱོགས་བརྒྱུད་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།