ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ནུབ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་སོ་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ས་ཁུལ་ནས་ཉིན་དེའི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཟེར།

ཁུན་ནེ་ཡཱའི་ལེ་ཀུའུ་ས་ཁུལ་གྱི་དཔོན་པོ་ཅི་པིན་ཅཱ་ཡིས་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་ཞོགས་པར། ནཱ་ཁུའུ་ལུའུ་དང་ཨེ་ཨར་ཏའོ་ལོ་ཐི་གྲོང་རྡལ་གཉིས་གཅིག་ཏུ་སྦྲེལ་བའི་གཞུང་ལམ་སྟེང་། ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་སུ་བགྲོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་སྔོན་གྱི་རླངས་འཁོར་ལས་བརྒལ་སྐབས་ཁ་གཏད་ཀྱི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། མི་སུམ་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག

ཅི་པིན་ཅཱ་ཡིས་བཤད་རྒྱུར། རྨས་མ་མྱུར་མོར་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡང་ཉུང་མཐར་ཡང་མི་དྲུག་གི་རྨས་སྐྱོན་ཚབས་ཆེ་བས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།