ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་འཇར་མན་གྱིས་བྱེད་ཐབས་དངོས་སྤྱད་དེ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་གཉིས་ཀྱི་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ཐད་ནས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། འབྲེལ་ཡོད་ཕྱོགས་སོ་སོས་མྱུར་དུ་བྱེད་ཐབས་དངོས་སྤྱད་དེ། དམག་འཁྲུག་རྒྱག་ས་ནས་མཚོན་ཆ་དྲག་པོའི་རིགས་ཕྱིར་འཐེན་བྱས་ཏེ། ས་ཁུལ་དེའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་ཟེར།

གསལ་བསྒྲགས་ནང་དུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནད་དོན་དེ་ཞི་བས་ཐག་གཅོད་རྒྱུ་ལས་ཐབས་གཞན་པ་མེད་ཅེས་ནན་གྱིས་བསྟན་ཡོད། གསལ་བསྒྲགས་ནང་དུ་ཝུའུ་ཁི་ལན་གནད་དོན་གྱི་ཝུའུ་ཁི་ལན་དང་ཡོ་རོབ་གླིང་གི་བདེ་འཇགས་མཉམ་ལས་རྩ་འཛུགས། ཨུ་རུ་སི་བཅས་ཕྱོགས་གསུམ་འབྲེལ་འདྲིས་ཚན་ཆུང་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ཡེ་ཤུའི་འཁྲུངས་སྐར་དང་ལོ་སར་གྱི་སྐབས་སུ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་ལ་ཁག་ཐེག་བྱེད་པའི་ཐད་ལྟ་ཚུལ་གཅིག་མཐུན་བྱུང་བར་དགའ་བསུ་ཞུས་ཡོད།

གསལ་བསྒྲགས་ནང་དུ་ཨུ་རུ་སིའི་དཔོན་རིགས་མུ་མཐུད་དུ་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཕྱོགས་སོ་སོའི་ས་མཚམས་ནས་དམག་འཁྲུག་རྒྱག་མཚམས་འཇོག་པ་དང་གཏན་འཇགས་གནད་དོན་གྱི་མཉམ་འབྲེལ་ལྟ་སྐུལ་ཚོད་འཛིན་དང་མཐུན་སྦྱོར་ལྟེ་གནས་སུ་འདུག་རྒྱུའི་འབོད་སྐུལ་བཏང་ཡོད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་སྤྱི་བསྒྲགས་སྤེལ་ནས། ཝུའུ་ཁི་ལན་གྱིས་མཉམ་འབྲེལ་ལྟ་སྐུལ་ཚོད་འཛིན་དང་མཐུན་སྦྱོར་ལྟེ་གནས་ཀྱིས་བཏོན་པའི་ཡིག་ཆ་དང་འབྲེལ་ཡོད་འགུལ་སྐྱོད་ཚད་གཞི་ཡོད་ཚད་ལ་ངོ་རྒོལ་བྱས་པ་མ་ཟད། ཨུ་རུ་སིའི་དམག་དོན་འཐུས་མི་ཕྱོགས་སོ་སོའི་ས་མཚམས་སུ་ཉེ་བར་བཅར་ནས་བྱ་བ་བསྒྲུབ་པར་ཚོད་འཛིན་བྱས་པར་བརྟེན་ནས། ཨུ་རུ་སི་ཕྱོགས་ཀྱི་དམག་དོན་འཐུས་མིས་མུ་མཐུད་དུ་བྱ་བ་སྒྲུབ་མི་ཐུབ་པས། ཚེས་བཅུ་དགུ་ཉིན་ཝུའུ་ཁི་ལན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བཤད།

ཝུའུ་ཁི་ལིན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་བསྒྲགས་སྤེལ་ནས། ཨུ་རུ་སི་ཕྱོགས་ཀྱིས་མི་སྣ་ཕྱིར་འཐེན་བྱས་པ་ནི་ཝུའུ་ཁི་ལན་གྱི་བདེ་འཇགས་ལ་བསྙད་བརྐོས་པ་ཡིན་ལ། ཨུ་རུ་སི་ཕྱོགས་ཀྱིས་འཁུར་འོས་པའི་འགན་འཁྲི་འདོར་རྩིས་བྱས་པ་རེད་ཅེས་བཤད།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་པར། ཝུའུ་ཁི་ལན་གྱི་ཤར་ཕྱོགས་ས་ཁུལ་དུ་དྲག་ཤུགས་འཁྲུག་རྩོད་བྱུང་། ལོ་དེའི་ཟླ་དགུ་པར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་འདྲིས་ཚན་ཆུང་དང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་མེན་སི་ཁི་ནས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་ཆོད་བཀོད་མོད། ཡིན་ནའང་དམག་འཁྲུག་རྒྱག་མཚམས་ཡོངས་སུ་འཇོག་མ་ཐུབ། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པར། མེན་སི་ཁིའི་གྲོས་ཆོད་གསར་པ་བཀོད་པ་དང་། གྲོས་ཆོད་འགོད་པའི་ཕྱོགས་སོ་སོ་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཆབ་སྲིད་བཀོད་སྒྲིག་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་མོད། ཡིན་ནའང་གྲོས་ཆོད་དེ་ཕན་ནུས་ལྡན་པར་ལག་བསྟར་བྱེད་མ་ཐུབ་པ་དང་། འཁྲུག་རྩོད་ཆུང་ངུ་རྒྱུན་དུ་འབྱུང་བཞིན་ཡོད།

མེན་སི་ཁིའི་གྲོས་ཆོད་གཞིར་བཟུང་ནས་བཙུགས་པའི་མཉམ་འབྲེལ་ལྟ་སྐུལ་ཚོད་འཛིན་དང་མཐུན་སྦྱོར་ལྟེ་གནས་ཀྱིས་གཙོ་བོ་ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་ཀྱི་ལྟ་ཞིབ་ཚོགས་པའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། དམག་འཁྲུག་རྒྱག་མཚམས་འཇོག་སའི་བདེ་འཇགས་ལས་དོན་ལ་མཐུན་སྦྱོར་བྱེད་པ་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ། འཐུས་མི་རྣམས་ནི་ཝུའུ་ཁི་ལན་དང་ཨུ་རི་སི། ཡོ་རོབ་གླིང་བདེ་འཇགས་རྩ་འཛུགས་བཅས་ཕྱོགས་གསུམ་ནས་ཡོང་བ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།