ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་འགོ་ཁྲིད་པས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་རིམ་གཉིས་པའི་གྲོས་མོལ་འགོ་རྩོམ་པར་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱིན་ཇི་མ་གཏོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱི་འགོ་ཁྲིད་པས་ཚེས་བཅོ་ལྔ་ཉིན་པུའུ་ལུའུ་སེར་དུ་ཡོད་པའི་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་གྲོས་ཚོགས་བསྡུས་ཏེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་རིམ་དང་པོའི་གྲོས་མོལ་ནས་ཁ་འབྲལ་གྲོན་དངུལ་དང་ཨིར་ལན་གྱི་རྒྱལ་མཚམས། དེ་མིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དབྱིན་ཇི་རུ་ཡོད་པའི་སྤྱི་དམངས་ཀྱི་ཁེ་དབང་སོགས་གྲོས་གཞི་གཙོ་བོའི་ཐད་ནས་གྲུབ་འབྲས་བླངས་ཡོད་པས། དུས་རིམ་གཉིས་པའི་གྲོས་མོལ་འགོ་བརྩམ་ཆོག་པ་ཁྱབ་སྒྲོག་བྱས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་གྲོས་མོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དུས་རིམ་དང་པོའི་གྲོས་མོལ་ལས་བླངས་པའི་གྲུབ་འབྲས་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་ཚོགས་ཁག དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་བཅས་ཀྱི་འཛུགས་སྐྲུན་རང་བཞིན་གྱི་འབད་འབུངས་ལ་འབྲལ་ཐབས་མེད་པ་དང་། རྗེས་སུ་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱིས་དུས་རིམ་གཉིས་པའི་གྲོས་མོལ་མགོ་རྩོམ་པར་ནང་ཁུལ་ནས་གྲ་སྒྲིག་བྱེད་དགོས་ཟེར།

དུས་རིམ་གཉིས་པའི་གྲོས་མོལ་དེ་གཙོ་བོ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་རིམ་དང་། ཡོ་རོབ་གླིང་དང་དབྱིན་ཇིའི་མ་འོངས་པའི་འབྲེལ་བར་གཙོ་བོར་གཞོལ་རྒྱུ་རེད།

མཛུབ་སྟོན་བྱེད་ཕྱོགས་ལས་བསྐྱར་སྒྲོག་བྱས་དོན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཡོ་རོབ་གླིང་དང་འབྲེལ་བའི་བྱ་བ་མཇུག་སྒྲིལ་རྗེས་དབྱིན་ཇིའི་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། རྒྱལ་སྤྱིའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། དེ་མིན་བདེ་འཇགས་དང་། རྒྱལ་སྲུང་། ཕྱི་འབྲེལ་སོགས་ཁྱབ་ཁོངས་སུ་གྲོགས་པོའི་འབྲེལ་བ་འཛུགས་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།