ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་གིས་ཨ་ཧྥེ་རི་ཁ་ནུབ་མར་འཚམས་འདྲི་བྱས་ཏེ་ཧྥ་རན་སིའི་རྒྱལ་ཆེན་གོ་གནས་སླར་གསོ་བྱེད་འདོད་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ནས་བཟུང་པུ་ཁི་ནཱ་ཧྥ་སོ་དང་ཁོ་ཐེ་ཏི་ཝོར། ཀཱ་ནཱ་བཅས་ལ་དུས་ཡུན་ཉིན་གསུམ་གྱིས་འཚམས་འདྲི་བྱེད་མགོ་བརྩམས། དེ་ནི་ཁོས་མཱ་ལི་རུ་འཚམས་འདྲི་བྱས་རྗེས་ཡང་བསྐྱར་ཨ་ཧྥེ་རི་ཁ་ནུབ་མར་འཚམས་འདྲི་བྱས་པ་རེད།

བསྒྲགས་པ་ལྟར་ན། མཱ་ཁི་ལུང་གིས་ཐེངས་འདིའི་འཚམས་འདྲི་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཡར་སྐུལ་གཏོང་རྒྱུ་མ་ཟད། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཞོར་དུ། ཧྥ་རན་སིའི་ཨ་ཧྥེ་རི་ཁ་ནུབ་མའི་ཤུགས་རྐྱེན་ཇེ་ཆེར་གཏོང་འདོད་པ་རེད་ཟེར། དབྱེ་ཞིབ་མི་སྣས་བལྟས་ན། མཱ་ཁི་ལུང་གིས་ཨ་ཧྥེ་རི་ཁ་གླིང་གི་སྲོལ་རྒྱུན་གྱི་འབྲེལ་བར་བརྟེན་ནས་ཧྥ་རན་སིའི་ཡོ་རོབ་གླིང་གི་ཤུགས་རྐྱེན་ཇེ་ཆེར་གཏོང་འདོད་པ་དང་། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་ཇེ་མང་དུ་གཏོང་བ་ནི་ཧྥ་རན་སིའི་ཡོ་རོབ་གླིང་དང་ཐ་ན་འཛམ་གླིང་གི་རྒྱལ་ཁབ་ཆེན་མོའི་གོ་གནས་སླར་གསོ་བྱེད་པར་རོགས་འདེགས་བྱེད་ཆེད་རེད་ཟེར།

མཱ་ཁི་ལུང་ཚེས་ཉེར་བདུན་ཉིན་པུ་ཁི་ནཱ་ཧྥ་སོ་རུ་འབྱོར་བ་དང་། ཚེས་ཉེར་བརྒྱད་ཉིན་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དེའི་ཙུང་ཐུང་ཁཱ་པའོ་ལོས་དང་གྲོས་མོལ་བྱས་པ་དང་། དེའི་རྗེས་སུ་ཝ་ཅཱ་ཏུའུ་ཀུའུ་སློབ་ཆེན་དུ་སོང་ནས་སློབ་མ་བརྒྱད་བརྒྱར་གཏམ་བཤད་སྤེལ།

དེ་ལས་གཞན་མཱ་ཁི་ལུང་གིས་ཁོ་ཐེ་ཏི་ཝོར་དུ་འཚམས་འདྲི་བྱེད་སྐབས་དཔལ་འབྱོར་རྒྱལ་ས་ཨ་པུས་རང་གི་ས་འོག་ལྕགས་ལམ་བཟོ་སྐྲུན་གྱི་རྨང་འདིང་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། ཧྥ་རན་སི་ཡིས་ལས་གཞི་དེར་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བཏང་ཡོད་པ་རེད།

མཱ་ཁི་ལུང་གིས་འཚམས་འདྲི་བྱེད་སྐབས་སློབ་གསོ་དང་ཁེ་ལས་འཕེལ་རྒྱས་ཀྱི་གལ་ཆེན་རང་བཞིན་ནན་བཤད་བྱས་ཏེ། ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་གྱིས་རྒྱལ་ནང་ནས་ལས་ཞུགས་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

མཱ་ཁི་ལུང་གིས་ད་རུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གྲོས་གཞིའི་ཐད་ནས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་བར་གྲོས་མོལ་བྱེད་རྒྱུ་རེད། བསྒྲགས་པ་ལྟར་ན། ཧྥ་རན་སི་ཡིས་སཱ་ཧི་ལེ་རྒྱལ་ཁབ་ལྔའི་སྡེ་ཚོགས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། མཇུག་མཐར་ཧྥ་རན་སིས་སཱ་ཧི་ལེ་ས་ཁུལ་ནས་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་གཙོ་ཁྲིད་ཀྱི་གོ་གནས་ཟིན་པར་བྱེད་པའི་རེ་བ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།