ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ནུབ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ནཱ་ཁུའུ་ལུའུ་རྫོང་ནས་ཉིན་དེའི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་ལ་རྨས་ལྗིད་མོ་ཕོག་ཟེར།

ནཱ་ཁུའུ་ལུའུ་རྫོང་གི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ས་དེའི་ཞོགས་པའི་དུས་ཚོད་གསུམ་ཡས་མས་སུ། ནཱ་ཁུའུ་ལུའུ་གྲོང་ཁྱེར་དང་ཨེ་ཨར་ཏའོ་ལོས་ཐི་གྲོང་ཁྱེར་སྦྲེལ་བའི་གཞུང་ལམ་སྟེང་། འགྲུལ་སྐྱེལ་རླངས་འཁོར་ཞིག་གིས་གཞུང་ལམ་བརྒལ་བའི་བ་གླང་ལ་ཡོལ་ཆེད་ཁ་གཏད་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་ཐོ་བརྒྱབ། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་ཁ་ལོ་བ་དང་འགྲུལ་བ་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་སྐྱེལ་རླངས་འཁོར་སྟེང་གི་འགྲུལ་བ་གཅིག་དང་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བར་རྨས་ལྗིད་མོ་ཕོག་ཡོད་ལ། ཁོ་གཉིས་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་བཞིན་ཡོད།

ཁུན་ནེ་ཡཱའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་ལྟར་ན། རྒྱལ་ཁབ་དེར་ལོ་རེར་ཧ་ལམ་མི་སྟོང་གསུམ་ཙམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཚེ་ལས་འདས་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།