ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལིས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་བརྟན་འཇགས་གནས་བབ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ཁ་ཤས་ནས་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་གཞི་ཁྱོན་ཆུང་བའི་ཟིང་འཁྲུག་བྱུང་བར་དམིགས་ནས། དབྱི་རག་གི་ཙུང་ལི་ཨ་པ་ཏེ་ཡིས་ཚེས་སུམ་ཅུ་ཉིན་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱིས་ཁྲིམས་ལུགས་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཏེ། བརྟན་འཇགས་ཀྱི་གནས་བབ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་པ་ཨར་ཀ་ཉི་ཡིས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་གྲོས་ཁང་ལ་འཕྲིན་ཡིག་བསྐུར་ཏེ། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་འགན་མི་ཁུར་ཞེས་བཤད། ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན་གྱི་ནམ་གུང་། ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པེ་ལེ་ནས། པ་ཨར་ཀྲ་ཉི་ལ་རྒྱབ་སྐྱོར་བྱེད་མཁན་བཅུ་ཕྲག་འགའ་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་གྲོས་ཁང་གི་ཐོག་ཁང་དུ་འཛུལ་ནས་ཟིང་ཆ་བསླངས་པ་མ་ཟད། ས་དེ་ན་ཡོད་པའི་གསར་འགོད་པར་འཇབ་རྒོལ་བྱས། ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་གྲོང་ཁྱེར་ཏུའུ་ཧུའུ་ཁི་ནས་ཀྱང་ཟིང་འཁྲུག་སློང་མཁན་གྱིས་སྲིད་ཏང་མང་པོའི་སྤྱི་ཁྱབ་ཁང་ལ་འཇབ་རྒོལ་བྱས།

དབྱི་རག་གི་ཙུང་ལི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཨ་པ་ཏེ་ཡིས་ཁོས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། སྔོན་ཉི་མར་ཟིང་འཁྲུག་སློང་མཁན་ཁ་ཤས་ཀྱིས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་སྲིད་ཏང་ཁ་ཤས་ཀྱི་སྤྱི་ཁྱབ་ཁང་དང་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཇབ་རྒོལ་བྱས་པ་ཤེས་སོང་ལ། འཇབ་རྒོལ་དེ་དག་གི་དམིགས་ཡུལ་ནི་ཟིང་འཁྲུག་བསླངས་ཏེ་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་བརྟན་འཇགས་ལ་གཏོར་བརླག་བྱེད་རྒྱུ་དེ་རེད་ཅེས་བཤད་ཟེར།

ཨ་པ་ཏེ་ཡིས་བཤད་རྒྱུར། ཆབ་སྲིད་ཀྱི་འགལ་བས་ཁུའུ་ཨར་ཏི་ཡི་མང་ཚོགས་ཕལ་བར་གནོད་སྐྱེལ་མི་རུང་། ཀྲུང་དབྱང་སྲིད་གཞུང་གིས་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཕྱོགས་སོ་སོས་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་བརྟན་བརླིང་སྒོས་སྒྲིག་ལམ་སླར་གསོ་བྱེད་རྒྱུའི་འབོད་སྐུལ་བཏང་བ་ཡིན་ལ། ཀྲུང་དབྱང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་གནས་བབ་བརྟན་འཇགས་སུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

པ་ཨར་ཀྲ་ཉི་ནི་ད་ལོར་ལོ་དོན་གཅིག་ལ་བུད་ཡོད་པ་དང་། ཉིས་སྟོང་ལྔ་ལོ་ནས་ད་བར་དུ་ཁུའུ་ཨར་ཏི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞིའི་འགན་འཁུར་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།