ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གིས་ཉིང་རྡུལ་གྲོས་ཆོད་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་ཇེ་དྲག་ཏུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཟླ་བཅུ་པའི་ཚེས་ཉེར་དགུ་ཉིན་རྒྱལ་ས་ཏི་ཧེ་ལན་ནས་འཚམས་འདྲིར་ཡོང་བའི་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་ཐེན་ཡེ་ཀྲི་མུས་ལ་གྲོས་མོལ་བྱས། ཐེན་ཡེ་ཀྲི་མུས་ཀྱིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་ཆོད་འོག་གི་དམ་བཅའ་ལག་བསྟར་བྱས་ཡོད་ཅེས་བཤད། ལུའུ་ཧ་ཉི་ཡིས་གྲོས་མོལ་བྱེད་སྐབས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་སྒེར་ཚུགས་དང་དྲང་གཞག་སྲུང་འཛིན་བྱེད་དགོས་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་མ་ཟད། དབྱི་ལང་གིས་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་འོག་ཏུ་ལས་ཁུངས་དེའི་བར་གྱི་དུས་ཡུན་རིང་པོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཅེས་བཤད།

ལུའུ་ཧ་ཉི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིང་རྡུལ་ལྟ་རྟོག་ལས་ཁུངས་ཀྱིས་འགན་ནུས་དངོས་སུ་ལག་བསྟར་བྱས་ཏེ། དབྱི་ལང་ལ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་བདེ་འཇགས་འགན་སྲུང་ཆོད་དོན་དང་ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་མི་གཏོང་བའི་ཆིངས་ཡིག་བརྩི་སྲུང་བྱེད་པའི་རྒྱལ་ཁབ་གཞན་དག་དང་འདྲ་བའི་ལག་རྩལ་གྱི་རོགས་སྐྱོར་བྱེད་རྒྱུ་ནི་རེ་བ་ཡིན་ཟེར། ཁོས་ད་དུང་རྒྱལ་སྤྱིའི་ཁྲིམས་སྲོལ་དང་ཆིངས་ཡིག་ལ་བརྩི་བཀུར་བྱེད་པའི་དོན་སྙིང་གལ་ཆེན་ནན་བཤད་བྱས་པ་དང་། གལ་ཏེ་དབྱི་ལང་ལ་གྲོས་ཆོད་ཁྲོད་ནས་ཁེ་ཕན་ཐོབ་ཚེ། ང་ཚོས་མུ་མཐུད་དུ་གྲོས་ཆོད་དེར་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ལུའུ་ཧ་ཉི་ཡིས་བལྟས་ན། རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དབང་ཟིལ་དང་གོ་གནས་དེ་ལས་ཁུངས་དེས་ཆེད་ལས་ཉིང་རྡུལ་ཞིབ་བཤེར་གྱི་བྱ་འགུལ་སྤེལ་སྐབས་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་དག་གི་འདོད་བློའི་ཤན་ཤུགས་མི་ཐེབས་པར་བྱེད་པར་རག་ལས་པར་འདོད། དབྱི་ལང་གི་སྨྱན་བྱད་ཏི་ཧེ་ལན་དུས་སྐབས་ཚགས་པར་ཞེས་པའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཐེན་ཡེ་ཀྲི་མུས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཉིང་རྡུལ་ཞིབ་བཤེར་བྱ་འགུལ་ལ་ཕྱོགས་རིས་སྤུ་ཙམ་ཡང་མེད་ཅེས་བཤད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་དེ་ལྟར་ན། དབྱི་ལང་གིས་ཉིང་རྡུལ་བྱ་འགུལ་ལ་ཚོད་འཛིན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་བཀག་སྡོམ་བྱེད་མཚམས་འཇོག་ཏུ་འཇུག་དགོས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལང་གིས་གྲོས་ཆོད་ལག་བསྟར་བྱེད་པའི་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱེད་དགོས། ད་བར་དུ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་དབྱི་ལང་གིས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱས་པ་ཐེངས་མང་པོར་ཁས་བླངས་མྱོང་།

ཡིན་ནའང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཉེ་སྔོན་དབྱི་ལང་གིས་ཨ་མེ་རི་ཁའི་རྒྱལ་ནང་ཁྲིམས་སྲོལ་གྱི་སྒྲོམ་གཞིའི་གཞིར་བཟུང་སྟེ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་ལག་བསྟར་བྱེད་པར་མུ་མཐུད་བདེན་དཔང་མི་བྱེད་ཅེས་བཤད་པ་མ་ཟད། མཇུག་མཐར་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཚམས་འཇོག་སྲིད་པའི་ཉེན་བརྡ་བཏང་། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཉིན་དྲུག་ཅུ་ཙམ་གྱི་ནང་དུ་མཚམས་བཞག་ཟིན་པའི་དབྱི་ལང་གི་བཀག་སྡོམ་དེ་ཡང་བསྐྱར་སླར་གསོ་བྱེད་མིན་ཐག་གཅོད་རྒྱུ་ཡིན་ལ། དབྱེ་ཞིབ་མི་སྣས་དེ་དང་བསྟུན་ནས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ཀྱི་ལས་དབང་ད་དུང་བཤད་དཀའ་བར་འདོད་ཡོད།

དེས་མི་ཚད་ཨ་མེ་རི་ཁས་ད་དུང་དབྱི་ལང་གི་དམག་དོན་སྒྲིག་ཆས་ལ་ཞིབ་བཤེར་བྱེད་རྒྱུའི་རེ་བ་བཏོན་ནའང་། དབྱི་ལང་གིས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས། ལུའུ་ཧ་ཉི་ཡིས་མངོན་གསལ་གྱིས་བཤད་རྒྱུར། དབྱི་ལང་གིས་རྒྱལ་ཁབ་ཁ་ཤས་དང་དེ་དག་གི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཇུས་ཆོད་ལ་གནོན་ཤུགས་སྟེར་བ་དེ་དང་ལེན་བྱེད་དཀའ་ཟེར། དབྱི་ལང་ཕྱོགས་ཀྱིས་བལྟས་ན། དབྱི་ལང་གི་དམག་དོན་རྟེན་གཞི་རུ་འགྲོ་བའི་རེ་བ་བཏོན་པའི་དམིགས་ཡུལ་ནི་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ཆབ་སྲིད་ཅན་དུ་གཏོང་རྒྱུ་དེ་ཡིན་ལ། དབྱི་ལང་གི་རྒྱལ་སྲུང་ནུས་པ་དེ་གྲོས་མོལ་བྱེད་པ་དང་རིན་གོང་གཏམ་པར་ཧ་ཅང་མི་འཚམ་པར་འདོད་ཡོད།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བར་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱིན་ཇི་དང་ཧྥ་རན་སི། འཇར་མན། ཡོ་རོབ་གླིང་མནའ་འབྲེལ་བཅས་ཕྱོགས་ཀྱིས་ལང་ལོང་སྒོས་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་མ་ཟད། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁ་དང་དེའི་མནའ་གྲོགས་ཀྱི་བདེ་འཇགས་ལ་བསམ་གཞིགས་བཏང་ནས། དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་གཏོར་བརླག་བྱེད་སྲིད་པའི་བྱ་སྤྱོད་ཅི་ཡང་མི་འབྱུང་བར་བྱེད་རྒྱུའི་འབོད་སྐུལ་བཏང་ཟེར།

ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གི་དྲ་ཚིགས་སྟེང་དབྱེ་ཞིབ་བྱས་པ་ལྟར་ན། ཐེན་ཡེ་ཀྲི་མུས་ཐེངས་འདིར་དབྱི་ལང་ལ་འཚམས་འདྲིར་སོང་བ་ནི་དབྱི་ལང་ལ་དཀར་འདོན་བྱེད་པའི་ཆེད་ཡིན་ལ། དེ་དང་མཉམ་དུ་ཨ་མེ་རི་ཁའི་སྲིད་གཞུང་ལ་རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་རྒོལ་གཏང་གཏོང་དུ་འཇུག་པའི་ཆེད་ཡིན་ཟེར། ཏི་ཧེ་ལན་གྱི་ཆབ་སྲིད་དབྱེ་ཞིབ་པ་ཨ་པུའུ་ཧྲི་ན་སི་ཡིས་བལྟས་ན། ཨ་མེ་རི་ཁས་ཉིང་རྡུལ་གྲོས་ཆོད་ཀྱི་དམ་བཅའ་ལག་བསྟར་མི་བྱེད་ཅེས་འཇིགས་སྣང་བསླངས་ན་ཡང་། རྒྱལ་ཁབ་གཞན་དག་ཚང་མས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལ་རྒྱབ་སྐྱོར་བྱས་ན། གྲོས་ཆོད་དུ་མུ་མཐུད་ལག་བསྟར་བྱེད་ཐུབ་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།