ཀྲུང་གོ་བོད་ཀྱི་དྲ་བ།

ཧྥེ་ལེ་པེན་དང་ཨ་མེ་རི་ཁས་ད་ལོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་རྒྱལ་སྲུང་པུའུ་ཡིས་ཚེས་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས2ཉིན་ནས་ཚེས11ཉིན་བར་ཨ་མེ་རི་ཁའི་དམག་དཔུང་བར་མཉམ་འབྲེལ་བྱས་པའི་མཚོ་ཐོག་གི་འཐབ་མོ་བའི་མཉམ་སྐྱོད་ཅེས་པའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར། དེ་ནི་ཟླ་ལྔ་བའི་དཔུང་བ་མཉམ་གཤིབ་ཅེས་པ་དང་ཟླ་དགུ་བའི་དྲག་རླུང་ཞེས་པའི་དམག་དོན་སྦྱོང་བརྡར་གྱི་རྗེས་སུ། ད་ལོར་སྤེལ་བའི་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་ཐེངས་གསུམ་པ་རེད།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་དམིགས་ཡུལ་ནི་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་དམག་དཔུང་གི་འཇིགས་སྐུལ་ངོ་རྒོལ་དང་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་སྤེལ་བའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་ཡིན་ལ། ནང་དོན་ལ་གཡུལ་སའི་མྱུར་སྐྱོབ་དང་། མཚོ་ཐོག་གི་གཞི་རྒྱ་ཆེ་བའི་ཤི་རྨས་གནད་དོན་ཐག་གཅོད་བྱེད་པ། མདེལ་དངོས་མ་གཏོང་འཕེན་བྱེད་པ་སོགས་འདུས་ཡོད་ཟེར། དམག་དོན་སྦྱོང་བརྡར་དེ་ལོས་སུང་གླིང་ཕྲན་གྱི་ས་གནས་བདུན་ནས་སྤེལ་རྒྱུ་ཡིན་ལ། དེའི་ནང་ཁི་ལཱ་ཁི་དང་པཱ་སཱ་མཁའ་དམག་རྟེན་གཞི་འདུས་ཟེར། ཧྥེ་ལེ་པེན་ཕྱོགས་ཀྱིས་དམག་དོན་སྦྱོང་བརྡར་དེར་ཨ་མེ་རི་ཁའི་དམག་མི་དགུ་བརྒྱ་ཙམ་ཞུགས་རྒྱུ་ཡིན་པར་བཤད་ཀྱང་ཧྥེ་ལེ་པེན་གྱི་མི་གྲངས་གསལ་བོར་བརྗོད་མེད།

རྩོམ་སྒྲིག་པ། : བསམ་ནོར།