ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པས་སི་རི་ཡཱའི་ལཱ་ཁཱ་དང་ཏའེ་ཨར་ཙུའུ་ཨར་གྱི་བྱིས་པར་སྲུང་སྐྱོབ་དང་རོགས་སྐྱོར་མཁོ་གལ་ཆེ་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པའི་སི་རི་ཡཱ་རུ་སྡོད་པའི་འཐུས་མི་ཨེ་ཁོས་ཀྲ་ཡིས་ཉེ་སྔོན་བསྟན་དོན། འཐབ་འཁྲུག་གིས་སི་རི་ཡཱའི་བྱིས་པར་ཡ་ང་བའི་ཤུགས་རྐྱེན་བཟོས་ཡོད་པ་དང་། མིག་སྔར་སྤེལ་བའི་དམག་འཐབ་འཁྲུག་དྲག་པོས་ལཱ་ཁཱ་དང་ཏའེ་ཨར་ཙུའུ་ཨར་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་བོས་རང་ཁྱིམ་བསྐྱུར་ནས་གར་སར་འཁྱམ་དགོས་བྱུང་ཡོད་ཟེར།

ཉེ་སྔོན་སི་རི་ཡཱ་ལ་འཚམས་འདྲི་བྱས་པའི་ཨེ་ཁོས་ཀྲ་ཡིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། སི་རི་ཡཱའི་བྱིས་པར་ཐེབས་པའི་སྡུག་བསྔལ་དང་མནར་གཅོད་ནི་མི་སེམས་ལ་ན་ཟུག་བསྐྱེད་པ་ཞིག་ཡིན་པ་དང་། ལཱ་ཁཱ་དང་ཏའེ་ཨར་ཙུའུ་ཨར་ས་ཁུལ་དུ་ཡོད་པའི་བྱིས་པར་སྲུང་སྐྱོབ་དང་རོགས་སྐྱོར་མཁོ་གལ་ཆེ་ཟེར།

ཨེ་ཁོས་ཀྲ་ཡིས་བཤད་རྒྱུར། བྱིས་པའི་ཐེབས་རྩ་ཚོགས་པར་འབྱོར་བའི་སྙན་ཞུ་ལྟར་ན། བྱིས་པ་སྟོང་ཕྲག་མང་བོ་ལཱ་ཁཱ་མཁར་ནང་དུ་ཡོད་པ་དང་། འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་བ་དང་བསྟུན་ནས། བྱིས་པ་དེ་དག་ལ་རྨས་སྐྱོན་ཕོག་པ་དང་ཚེ་སྲོག་ཤོར་བའི་ཉེན་ཁ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། མི་ཆོས་རིང་ལུགས་ལས་ཁུངས་ཡུལ་དེར་འགྲོ་ཐབས་མེད་པས། ལཱ་ཁཱ་མཁར་ནང་ལ་རོགས་སྐྱོར་བྱེད་ཐབས་མེད། བྱིས་པ་དང་དེའི་ཁྱིམ་མི་དག་ལ་བདེ་འཇགས་ཀྱི་འཐུང་ཆུ་མེད་པ་དང་། ཁ་ཟས་ཀྱང་ཆད་ལ་ཉེ་ཟེར།

ཨེ་ཁོས་ཀྲ་ཡིས་ནན་གྱིས་བསྟན་དོན། འཁྲུག་རྩོད་ཕྱོགས་ཁག་སོ་སོས་ལཱ་ཁཱ་མཁར་དང་འབྲལ་འདོད་ཡོད་པའི་བྱིས་པ་དང་དེའི་ཁྱིམ་མི་དག་བདེ་འཇགས་ངང་ཁ་འབྲལ་དུ་འཇུག་དགོས་ཟེར། ཁོས་བསྟན་དོན། སི་རི་ཡཱའི་བྱིས་པ་དག་གནས་གང་དང་ཁྱིམ་ཚང་ཅི་འདྲ་ཞིག་ནས་སྐྱེས་ཀྱང་དུས་ནམ་ཡིན་ཡང་སྲུང་སྐྱོབ་ཐོབ་དགོས་ཟེར།

ཨེ་ཁོས་ཀྲ་ཡིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་སི་རི་ཡཱའི་མངའ་ཁོངས་ཀྱི་དྲག་ཤུགས་མཚམས་བཞག་ནས། བྱིས་པར་དམིགས་པའི་བཅའ་ཁྲིམས་འོས་འགན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།