ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་ང་དགུ་བ་དེ་ཚེས་བཅུ་བདུན་ཉིན་སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སྤེལ་མགོ་བརྩམས། དེ་ནི་སི་རི་ཡཱ་ཡིས་ལོ་ངོ་དྲུག་གི་རྗེས་ནས་ཡང་བསྐྱར་འགྲེམ་སྟོན་ཚོགས་འདུ་དེ་སྤེལ་བ་རེད།
སྐབས་འདིའི་འགྲེམ་སྟོན་ཚོགས་འདུར་རྒྱལ་ཁབ་ཞེ་གསུམ་གྱི་ཁེ་ལས་པ་སྟོང་གཅིག་དང་དྲུག་བརྒྱ་ཞུགས་ཡོད་པ་དང་། ནུས་ཁུངས་དང་རླངས་འཁོར། འཁལ་འཐག འཕྲུལ་ཆས་སོགས་ལས་རིགས་མང་བོར་འབྲེལ་ཡོད། རྒྱལ་ཁབ་སོ་སོའི་ཁེ་ལས་དང་ཚོང་དོན་མི་སྣར་ཚོང་གཏམ་གྱི་སྟེགས་བུ་ཞིག་བསྐྲུན་པ་ལས་གཞན། གཙོ་སྒྲུབ་ཕྱོགས་ཀྱིས་ད་རུང་དཔལ་འབྱོར་ཞིབ་སྡུར་ཚོགས་འདུ་དང་ཚོང་རྫས་མཚམས་སྦྱོར་སོགས་བྱ་འགུལ་སྤེལ་རྒྱུ་རེད།
སི་རི་ཡཱའི་ཙུང་ལི་ཧཱ་མུས་སི་ཡིས་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། སྐབས་འདིའི་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྤེལ་བ་ལས། འཛམ་གླིང་ཡོངས་ལ་སི་རི་ཡཱའི་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་པའི་རེ་བསྙེག་དང་འཇིགས་སྐུལ་རིང་ལུགས་ལ་རྣམ་པར་རྒྱལ་བའི་ཆོད་སེམས་བརྒྱུད་སྒྲོག་བྱེད་བཞིན་ཡོད་ཟེར།
སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་ཟླ་འདིའི་ཚེས་ཉེར་དྲུག་ཉིན་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། འགྲེམ་སྟོན་ཚོགས་འདུ་སྤེལ་ས་ནི་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་འགྲེམ་སྟོན་ལྟེ་གནས་རེད། འགྲེམ་སྟོན་བྱེད་སའི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་བདུན་ཡོད་པ་དང་། གཞི་རྒྱ་མི་འདྲ་བའི་འགྲེམ་ཁུལ་ཞེ་དགུ་བཀོད་སྒྲིག་བྱས་ཡོད།
ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི་གཅིག་སྟོང་དགུ་བརྒྱ་ང་བཞིའི་ལོར་ཐོག་མར་སྤེལ་བ་དང་། ལོ་རེར་ཐེངས་རེ་སྤེལ་བ་རེད། ཧྲང་ཧེའི་འགྲེམ་སྟོན་ཚོགས་འདུ་དེ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་བདུན་པར་སྤེལ་བ་དང་། དེའི་རྗེས་སུ་སི་རི་ཡཱའི་ཉམས་ཉེན་ཛ་དྲག་དང་གནས་བབ་ཇེ་སྡུག་ཏུ་སོང་བས་འགྲེམ་སྟོན་ཚོགས་འདུ་དེ་སྤེལ་མཚམས་བཞག་པ་རེད།