ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སླར་གསོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་རྩ་འཛུགས་ཕྱོགས་ཁག་གིས་ཚེས་བཅུའི་ཉིན་བསྟན་དོན། ཏཱ་མཱ་ཧྲི་ཀིའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་ང་དགུ་བ་དེ་ཟླ་འདིའི་ཚེས་བཅུ་བདུན་ཉིན་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་སྤེལ་རྒྱུ་ཡིན་ཟེར། དེ་ནི་སི་རི་ཡཱའི་ལོ་ངོ་དྲུག་གི་རྗེས་སུ་ཡང་བསྐྱར་འགྲེམ་སྟོན་ཚོགས་འདུ་དེ་སྤེལ་བ་རེད།

འགྲེམ་སྟོན་ཚོགས་འདུའི་འགན་ཁུར་བ། སི་རི་ཡཱའི་འགྲེམ་སྟོན་དང་རྒྱལ་སྤྱིའི་ཚོང་རའི་སྤྱིའི་ཀུང་ཟིའི་སྤྱི་གཉེར་བ་ཁཱ་ཨར་ཐཱ་ལེ་ཡིས་ཚེས་བཅུའི་ཉིན་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་གིས་འགྲེམ་སྟོན་ཚོགས་འདུ་དེ་སྤེལ་བ་ལ་བརྟེན་ནས་སི་རི་ཡཱའི་མི་དམངས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱུང་ཡོད་པའི་བརྡ་སྟོན་རྩིས་རེད་ཟེར།

ཁཱ་ཨར་ཐཱ་ལེ་ཡིས་བཤད་རྒྱུར། སི་རི་ཡཱའི་རྒྱལ་ནང་དང་ཨུ་རུ་སི། དབྱི་ལིང་། ཧྥ་རན་སི་སོགས་རྒྱལ་ཁབ་སོ་བརྒྱད་ནས་ཡོང་བའི་ཀུང་ཟི་སྟོང་གཅིག་དང་ལྔ་བརྒྱ་འགྲེམ་སྟོན་ལ་ཞུགས་རྒྱུ་རེད། ཟས་རིགས་དང་འཁལ་འཐག རླངས་འཁོར། བཟོ་སྐྲུན་སོགས་ལས་རིགས་མང་བོར་འབྲེལ་ཡོད་ཟེར།
ཁཱ་ཨར་ཐཱ་ལེ་ཡིས་བཤད་རྒྱུར། སི་རི་ཡཱའི་བསྐྱར་འཛུགས་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ལས་ཐོན་ལས་མང་བོའི་སླར་གསོ་ལ་སྐུལ་ཁྲིད་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་འཁལ་འཐག་བཟོ་ལས་སོགས་སྲོལ་རྒྱུན་གྱི་ཁྱད་སྟོབས་ལྡན་པའི་ཐོན་ལས་ལ་དངུལ་གཏོང་གི་རིན་ཐང་ཆེན་པོ་ལྡན་པ་རེད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་འགྲེམ་སྟོན་ཚོགས་འདུ་དེ་ཏཱ་མཱ་ཧྲི་ཀིའི་ལྷོ་ངོས་ཀྱི་འགྲེམ་སྟོན་ལྟེ་གནས་ནས་སྤེལ་རྒྱུ་ཡིན་པ་དང་། འགྲེམ་སྟོན་ཁུལ་གྱི་རྒྱ་ཁྱོན་ལ་རྨིད་ངོས་སྙོམས་གྲུ་བཞི་མ་ཁྲི་བདུན་ཡོད་ལ། གཞི་རྒྱ་མི་འདྲ་བའི་འགྲེམ་སྟོན་ཁང་དང་འགྲེམ་སྟོན་ཁུལ་ཞེ་དགུ་ལས་ཡོད་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།