ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལང་ལ་བཀག་སྡོམ་གསར་བ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་དབྱི་ལང་གི་ཚོགས་པ་དྲུག་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྒྲགས་པ་དང་། དེ་ནི་དབྱི་ལང་གིས་ལྷ་བྱ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕངས་པར་སྐྱིན་པ་ལེན་པའི་ཆེད་ཡིན་ཞེས་བཤད།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་གསལ་སྒྲོག་ནང་དུ་བཤད་རྒྱུར། ཧྲ་ཞི་ཏི་ཧ་མཱ་ཐི་ཞེས་པའི་བཟོ་ལས་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་ཚོགས་པ་དྲུག་ལ་བཀག་སྡོམ་བྱེད་རྒྱུ་ཡིན། འབྲེལ་ཡོད་བཀག་སྡོམ་གྱི་བྱེད་ཐབས་གཞིར་བཟུང་ནས། ཨ་མེ་རི་ཁས་ཨ་རིའི་ཁྲིམས་འཛིན་ཁྱབ་ཁོངས་སུ་ཡོད་པའི་བཀག་སྡོམ་བྱེད་ཡུལ་གྱི་རྒྱུ་ནོར་དང་ཁེ་དབང་ལ་བཀག་སྡོམ་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་ལ་ཉོ་ཚོང་འགྲོ་འོང་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། བཀག་སྡོམ་གསར་བ་ལག་བསྟར་བྱས་པ་ནི་དབྱི་ལང་གི་རྒྱུན་མཐུད་རང་བཞིན་གྱི་བསྙད་རྐོའི་བྱ་སྤྱོད་ལ་ཁ་གཏད་འཇལ་བའི་ཆེད་ཡིན་ལ། བྱ་སྤྱོད་དེའི་ནང་དུ་ཚེས་ཉེར་བདུན་ཉིན་ལྷ་བྱ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕངས་པ་ཡང་འདུ་ཟེར།

དབྱི་ལང་གི་ཐ་སི་ཉི་མུའུ་གསར་འགྱུར་ཁང་གིས་ཚེས་ཉེར་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གིས་ཉིན་དེར་དབྱི་མཱ་མུའུ་ཧོ་མཱེ་ཉི་རྒྱལ་ཁབ་མཁའ་སྐྱོད་ལྟེ་གནས་ནས་ལྷ་བྱ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕངས་ཏེ་ལེགས་འགྲུབ་བྱུང་ཟེར། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་བཤད་རྒྱུར། བར་སྣང་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཕྱོགས་སུ་བཀོལ་བའི་ལག་རྩལ་དང་གླིང་བར་གྱི་འཕུར་ལམ་འཕུར་མདའ་གཉིས་བར་དུ་འབྲེལ་བ་དམ་པོ་ཡོད་པས། ཐེངས་འདིར་འཕུར་མདའ་དེ་འཕངས་པར་བརྟེན་ནས་དབྱི་ལང་ཉེན་ཁའི་ཕྱོགས་སུ་གོམ་སྟབས་ཤིག་སྤོས་པ་རེད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཀྲང་མུའུ་ནུའུ་ཆིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་མུ་མཐུད་དུ་དབྱི་ལང་གི་འཕུར་ལམ་འཕུར་མདའ་དང་འབྲེལ་བའི་བྱ་འགུལ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པ་དང་། དབྱི་ལང་གི་འགྲན་སློང་རང་བཞིན་གྱི་བར་སྣང་འཕུར་མདའ་གཏོང་འཕེན་དང་ཡང་ན་འཇིགས་སྣང་ཆེ་བའི་འཕུར་ལམ་འཕུར་མདའ་མ་ལག་འཕེལ་རྒྱས་སུ་གཏོང་བ་གང་ཡིན་རུང་ཆམ་ཕབ་གཏོང་ཡུལ་ཡིན་ཟེར།

ཨ་མེ་རི་ཁའི་གྲོས་ཞུགས་ཁང་ཚེས་ཉེར་བདུན་ཉིན་ཨུ་རུ་སི་དང་དབྱི་ལང་། ཁྲའོ་ཞན་བཅས་རྒྱལ་ཁབ་གསུམ་ལ་བཀག་སྡོམ་བྱེད་པའི་ཇུས་གཞི་ཞིག་ལ་གྲོས་འཆམ་བྱུང་བ་དང་། ཇུས་གཞི་དེ་ལ་དམངས་གྲོས་ཁང་གྲོས་འཆམ་བྱུང་ཡོད་ལ། མི་འགྱང་བར་ཙུང་ཐུང་ཐི་ལང་ཕུའུ་ལ་ཆོག་མཆན་འགོད་པར་སྤྲོད་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།