ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཐུར་ཁེས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་བཀོད་སྒྲིག་བྱས་པ་ནི་བཙན་འཛུལ་གྱི་བྱ་སྤྱོད་ཡིན་པར་སྐྱོན་འཛུགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་ཉེ་སྔོན་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་བཀོད་སྒྲིག་བྱས་པ་ནི་བཙན་འཛུལ་གྱི་བྱ་སྤྱོད་རེད་ཟེར།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སོ་སོར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་འཕྲིན་ཡིག་བསྐུར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུར་ཁེའི་བྱ་སྤྱོད་ཐད་ནས་ཁ་རོག་ལ་འདུག་མི་རུང་བའི་འབོད་སྐུལ་བཏང་།

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་འཕྲིན་ཡིག་ནང་བཤད་རྒྱུར། ཐུར་ཁེ་ཡིས་ཉེ་སྔོན་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་པའོ་ཞིང་ཆེན་གྱི་ཨ་ཀྲ་ཙི་དང་། ཅི་པུའུ་ལིན་སོགས་མཁར་གྲོང་དུ་བཙན་འཛུལ་བྱས་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་བཅས་ལས་མངོན་གསལ་གྱིས་འགལ་ཡོད་ལ། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་གཏན་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཟེར།

ཉེ་སྔོན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ་དྲུག་པའི་ཚེས་སུམ་ཉིན་བཤད་རྒྱུར། གལ་ཏེ་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་ཐུར་ཁེ་ལ་འཇབ་རྒོལ་བྱས་ན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱེད་རྒྱུ་ཡིན་ཟེར།

ཐུར་ཁེ་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་དང་དེའི་ཁོངས་སུ་གཏོགས་པའི་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པའི་དྲག་ཆས་རྩ་འཛུགས་དེ་རྒྱལ་ནང་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་རུ་ཁག་ཏུ་ངོས་འཛིན་བྱས་ཡོད་ཀྱང་། ཨ་མེ་རི་ཁས་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ས་ཁོངས་ཀྱི་སྟོབས་ཤུགས་གལ་ཆེན་དུ་བརྩིས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།