ཀྲུང་གོ་བོད་ཀྱི་དྲ་བ།

བྷང་ག་ལཱ་རྒྱལ་ཁབ་ཀྱིས་འཁོར་སྐར་གཏོང་འཕེན་ཚོང་གཉེར་ཀུང་ཟི་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ཀྱི་ནེ་ཀི་ཡིས་ཚེས་གསུམ་ཉིན་རྒྱལ་དབང་ཀུང་ཟི་བཙུགས་ཏེ། རྒྱལ་ཁབ་རང་གི་འཁོར་སྐར་ཐོག་མའི་གཏོང་འཕེན་དང་ཚོང་གཉེར་བྱ་བར་འགན་ཁུར་དུ་འཇུག་རྒྱུ་ཐག་བཅད།

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཙུང་ལི་ཧཱ་ཞི་ནཱ་ཡིས་མགོ་འཛིན་བྱས་འོག ནེ་ཀིའི་གྲོས་ཚོགས་ནས་ཉིན་དེར་གྲོས་ཆོད་འཆར་ཟིན་དེར་གྲོས་འཆམ་བྱུང་། གྲོས་ཚོགས་གྲོལ་རྗེས་སྲིད་གཞུང་གི་མགྲིན་ཚབ་པས་གསར་འགྱུར་ལས་རིགས་ལ་བསྟན་དོན། གསར་དུ་བཙུགས་པའི་ཀུང་ཟི་ཡིས་འཁོར་སྐར་གཏོང་འཕེན་དང་དོ་དམ་གྱི་འབྲེལ་ཡོད་བྱ་བའི་འགན་ཁུར་རྒྱུ་ཡིན་པ་དང་། སྲིད་གཞུང་གིས་མི་བཅུ་གཅིག་ཡོད་པའི་ཨུ་ཡོན་ལྷན་ཁང་ཞིག་རྩ་འཛུགས་བྱས་ཏེ་ཀུང་ཟིའི་ཚོང་གཉེར་དོ་དམ་ལ་འགན་ཁུར་དུ་འཇུག་རྒྱུ་ཡིན་ལ། ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་འགན་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་ཁུར་དགོས་པ་རེད།

བྷང་ག་ལཱ་རྒྱལ་ཁབ་ཀྱིས་ཉིས་སྟོང་བཅོ་ལྔ་ལོར་སྤྱིའི་མ་དངུལ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་ཡིན་པའི་འཁོར་སྐར་གཏོང་འཕེན་འཆར་གཞི་ཞིག་ལ་གྲོས་འཆམ་བྱུང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བར་ཧོས་ཧྥུན་དངུལ་ཁང་བར་མེ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ཀྱི་དངུལ་བསྐྱིས་གན་རྒྱ་བཀོད་དེ་འཁོར་སྐོར་གཏོང་འཕེན་བྱ་བའི་ཐད་བཀོལ་རྒྱུ་ཡིན་ལ། ཧྥ་རན་སིའི་ཀུང་ཟི་ཡིས་ལས་གཞིའི་འཁོར་སྐྱོད་བྱ་བའི་འགན་ཁུར་དུ་བཅུག་ཡོད།

བསྒྲགས་པ་ལྟར་ན། འཁོར་སྐར་དེས་རྒྱལ་ཁབ་རང་ཉིད་ཡོངས་སུ་ཁེབས་ཐུབ་པར་མ་ཟད། ནེ་པཱ་ལཱ་དང་། འབྲུག་ཡུལ། སིང་ག་ལཱ། ཧིན་རྡུ་ཉི་ཞི་ཡཱ། མཱ་ལེ་ཞི་ཡཱ་བཅས་འདུས་པའི་ཨེ་ཤ་ཡཱའི་གླིང་གི་རྒྱལ་ཁབ་དག་ལ་ཞབས་འདེགས་ཞུ་ཐུབ་པ་རེད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།