ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡའི་ཤར་ཕྱོགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་ལས་མི་སེར་བརྒྱ་ཙམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སི་རི་ཡའི་སྨྱན་བྱེད་དང་འགྲོ་མིའི་ཐོབ་ཐང་རྩ་འཛུགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ཉིན་འགའི་རིང་ལ་ཨ་མེ་རི་ཁས་མགོ་ཁྲིད་པའི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་སི་རི་ཡའི་ཤར་ཕྱོགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་ལས་མི་སེར་བརྒྱ་ཙམ་རྐྱེན་ལམ་དུ་ཤོར། དེའི་ནང་དུ་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་ཉེར་བརྒྱད་ཉིན་སི་རི་ཡའི་ཤར་ཕྱོགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི་སེར་བཞི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

སི་རི་ཡའི་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན།རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་ཉེར་བརྒྱད་ཉིན་སི་རི་ཡའི་ཤར་ཕྱོགས་ཀྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཏ་པུའུ་ལན་གྲོང་རྡལ་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་བཞི་བཅུ་བསད་པ་དང་། དེའི་ནང་གི་མང་ཆེ་ཤོས་ནི་བུད་མེད་དང་བྱིས་པ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན།རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་ཉེར་བདུན་ཉིན་ཡང་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ཤར་ཕྱོགས་ཀྱི་མད་ཡ་ཏེན་གྲོང་ཁྱེར་ལ་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་ཞེ་གཉིས་བསད་ཟེར།

སྤྱིའི་ལས་ཁུངས་དབྱིན་ཇིའི་ལོན་ཏོན་ན་ཡོད་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཚེས་ཉེར་དྲུག་ཉིན་མད་ཡ་ཏེན་གྲོང་ཁྱེར་གྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་བཙོན་ཁང་ལ་བཀོལ་བཞིན་པའི་ཁང་པ་ཞིག་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་ང་བདུན་བསད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར། ཨ་མེ་རི་ཁས་དབྱི་རག་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་མགོ་བརྩམས་པ་དང་། ལོ་དེའི་ཟླ་དགུ་པར་བར་སྣང་ནས་འཇབ་རྒོལ་བྱེད་པའི་གཞི་ཁྱོན་དེ་སི་རི་ཡའི་མངའ་ཁོངས་སུ་རྒྱ་བསྐྱེད་པ་མ་ཟད།ཟླ་དེར་ཨ་མེ་རི་ཁས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས།སི་རི་ཡའི་སྲིད་གཞུང་གིས་དེ་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་མེད་པར་འདོད་ཡོད་པ་མ་ཟད། ཨ་མེ་རི་ཁས་མགོ་ཁྲིད་པའི་བར་སྣང་འཇབ་རྒོལ་ལས་མི་སེར་མང་པོ་ཤི་རྨས་བཟོས་པར་སྐྱོན་བརྗོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།