ཀྲུང་གོ་བོད་ཀྱི་དྲ་བ།

མར་ཏེ་ཝེ་ཡི་ཙུང་ཐུང་གིས་སྲིད་འཛིན་ཏང་ནང་ཁུལ་གྱིས་མཐུན་སྒྲིལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཏེ་ཝེ་ཡི་ཙུང་ཐུང་ཡཱ་མེན་གྱིས་ཚེས་བཞི་ཉིན་གྱི་དགོང་མོར་སྲིད་འཛིན་ཏང་མར་ཏེ་ཝེ་ཡར་ཐོན་ཏང་གི་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས། འདུ་ཚོགས་དེ་ཚེས་ལྔ་ཉིན་གྱི་ཞོགས་པའི་བར་རྒྱུན་བསྲིངས་པ་རེད། གཙོ་བོ་ཏང་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པ་དང་མཐུན་སྒྲིལ་གཅིག་གྱུར་ལ་ཡར་སྐུལ་བཏང་བར་མ་ཟད། སྔོན་ཆད་ཀྱི་ཙུང་ཐུང་། ཡར་ཐོན་ཏང་གི་ཀྲུའུ་ཞི་ཅཱ་ཡའོ་མུའུ་ཡིས་ད་ལྟའི་ཙུང་ཐུང་དང་མར་ཏེ་ཝེའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

འདུ་ཚོགས་དེ་ཚེས་བཞི་ཉིན་གྱི་དགོང་མོ་ནས་བཟུང་མགོ་བརྩམས་པ་དང་། དུས་ཚོད་ལྔ་ཙམ་ལ་རྒྱུན་བསྲིངས། ཡར་ཐོན་ཏང་གི་ཁོངས་མི་ཧཱ་ལི་ཨར་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་མར་ཏེ་ཝེའི་ལོ་རྒྱུས་སྟེང་གཞི་རྒྱ་ཆེས་ཆེ་བའི་འདུ་ཚོགས་ཐེངས་ཤིག་ཡིན་པ་དང་། ཏང་ཡོན་དང་རྒྱབ་སྐྱོར་མཁན་ཁྲི་གཅིག་དང་སྟོང་གཉིས་ཙམ་འདུ་ཚོགས་ལ་ཞུགས།

ཡཱ་མེན་གྱིས་འདུ་ཚོགས་སྟེང་བསྟན་དོན། མར་ཏེ་ཝེའི་སྲིད་འཛིན་ཏང་ཡིན་པའི་ཆ་ནས། ཡར་ཐོན་ཏང་གིས་ཚད་ཆེན་པོའི་སྒོ་ནས་འགལ་བ་མེད་པར་གཏོང་དགོས་པ་དང་། མཐུན་སྒྲིལ་གཅིག་གྱུར་སྒོས་མི་དམངས་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་དགོས་ཟེར། ཁོས་ཅཱ་ཡའོ་མུའུ་ཡིས་ཏང་ཁག་བར་གྱི་མཐུན་སྒྲིལ་ལ་མཐོང་ཆེན་བྱས་ཏེ་མུ་མཐུད་དུ་ཙུང་ཐུང་དང་ད་ལྟའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་ལོ་སྟོད་ལ་ཅཱ་ཡའོ་མུའུ་ཡིས་མངོན་གསལ་གྱིས་ཁྱབ་སྒྲོག་བྱས་དོན། རུལ་སུངས་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་གནད་དོན་ལ་འབྲེལ་བ་བྱུང་ནས་མང་ཚོགས་ཀྱི་སྐྱོན་འཛུགས་མི་ཐེབས་པའི་ཆེད་དུ། ཁོ་རང་ཉིད་དང་ཁོས་མགོ་ཁྲིད་པའི་ཡར་ཐོན་ཏང་གིས་ད་ལྟའི་སྲིད་གཞུང་དང་ཙུང་ཐུང་ཡཱ་མེན་ལ་རྒྱབ་སྐྱོར་བྱེད་རྒྱུ་མིན་ཟེར། མར་ཏེ་ཝེའི་ཡར་ཐོན་ཏང་དེའི་དབང་གིས་ཡཱ་མེན་ཕྱོགས་ཁག་དང་ཅཱ་ཡའོ་མུའུ་ཕྱོགས་ཁག་ཏུ་ཁ་ཁར་སོང་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།