ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་སོ་སོས་གང་མགྱོགས་ཀྱིས་ཞི་བདེའི་ལམ་ཐིག་འཆར་གཞིའི་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་གྱི་ཙུང་ཐུང་ལས་རོགས་པ་དང་ཞོར་དུ་རྒྱལ་ཡོངས་ཚོགས་ཆེན་ཏང་གི་ཀྲུའུ་ཞི་གཞོན་པའི་འགན་ཁུར་མཁན་ཧཱ་མུས་ཏི་ཡིས་ཚེས་ཉེར་དྲུག་ཉིན་གསར་འགྱུར་ལས་རིགས་ལ་སྤེལ་བའི་གསལ་སྒྲོག་ཅིག་གི་ནང་བསྟན་དོན། སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་སོ་སོས་ལྷག་བསམ་རྣམ་དག་གི་རྣམ་འགྱུར་བསྟན་ནས་གང་མགྱོགས་སྒོས་ཞི་བདེའི་ལམ་ཐིག་འཆར་གཞི་འགོད་དགོས་པ་དང་། འབྲེལ་ཡོད་ཕྱོགས་ཁག་གིས་སྨྱུང་གྲོལ་དུས་ཆེན་གྱི་རྗེས་སུ་གྲོས་མོལ་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

ཧཱ་མུས་ཏི་ཡིས་བཤད་རྒྱུར། སྲིད་གཞུང་གིས་ཕྱོགས་ཁག་སོ་སོས་མྱུར་དུ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་བཏོན་པའི་ཞི་བདེའི་ལམ་ཐིག་འཆར་གཞིའི་གྲོས་མཐུན་འགོད་དགོས་པའི་རེ་བ་བཏོན། ལམ་ཐིག་འཆར་གཞི་ནི་སུའུ་ཏན་གྱི་ནང་འཁྲུག་མཇུག་སྒྲིལ་བ་དང་། འཐབ་འཁྲུག་གི་ཤུགས་རྐྱེན་ཐེབས་པའི་ས་ཁུལ་གྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ལེན་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་པ་རེད།

ཧཱ་མུས་ཏི་ཡིས་ད་རུང་བསྟན་དོན། སྲིད་གཞུང་གིས་ངོ་རྒོལ་ཕྱོགས་ཁག་གིས་བཏོན་པའི་ཁ་གསབ་གྲོས་གཞི་དང་ལེན་མ་བྱས། སྲིད་གཞུང་གིས་ལམ་ཐིག་འཆར་གཞི་དང་བར་འདུམ་བཟོད་སྒོམ་བརྗེད་ཐོར་འབྲེལ་བའི་ཟུར་སྣོན་གྲོས་གཞི་གང་ཡང་དང་ལེན་བྱེད་མི་སྲིད་པ་ཡང་ཡང་བསྐྱར་སྒྲོག་བྱས་པ་ཡིན་ཟེར།

དེའི་སྔོན་སུའུ་ཏན་གྱི་ངོ་རྒོལ་ཕྱོགས་ཁག་མནའ་འབྲེལ་གྱིས་ཟུར་སྣོན་གྲོས་གཞི་བཏོན་ཏེ། སྔར་ལས་རྒྱ་ཆེ་བའི་ཐུན་མོང་རང་དབང་སྟེར་དགོས་པ་དང་། རྒྱལ་ཡོངས་ཀྱི་གྲོས་མོལ་སྤེལ་བར་སྔར་ལས་མང་བའི་གྲ་སྒྲིག་དུས་ཚོད་སྟེར་དགོས་པའི་རེ་བ་བཏོན་པར་མ་ཟད། ཆ་རྐྱེན་ཡོད་པའི་སྒོ་ནས་ལམ་ཐིག་འཆར་གཞིའི་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།