
ཟླ3པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིས་ཁི་ཆང་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་ལིས་ཁི་ཆང་ཚེས11ཉིན་ཉིན་ཞ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས། ཨུ་ཡོན་ཀྲང་བུའུ་པང་གོ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་ཡིད་འཐད་ཡིན་པའི་བསམ་ཚུལ་བསྟན། ལིས་ཁི་ཆང་གིས་མི་རིགས་སོ་སོས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་འཕེལ་རྒྱས་བརྩོན་པའི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། མུ་མཐུད་དུ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་འཇགས་སྲུང་འཛིན་བྱེད་དགོས་ཞེས་གསུངས། །
