ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐོ་དང་ཁོམ་ལུང་པུ་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ཨར་བཱ་ལོ· བུའུ་ལིས་བེ· པེ་ལེ་སི་རྣམ་གཉིས་ཀྱིས་ཚེས7ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
ཧུའུ་ཅིན་ཐོ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུང་རྒྱུར། དུས་རབས་སྔོན་གྱི་ལོ་རབས80བའི་ནང་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་རྗེས། ཀྲུང་གོ་དང་ཁོམ་ལུང་པུ་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་ཞིང་། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པས་ཕན་ཚུན་ལ་འཚམས་འདྲི་བྱེད་རྒྱུ་ཇེ་མང་དུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཅིང་རྒྱལ་སྤྱིའི་རྩ་འཛུགས་དང་སྣ་མང་སྒྲིག་གཞིའི་བར་ལ་མཉམ་ལས་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཁོམ་ལུང་པུ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། ཕྱོགས་གཉིས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་མང་དུ་བཏང་ནས། ཀྲུང་གོ་དང་ཁོམ་ལུང་པུ་ཡ་བར་གྱི་འབྲེལ་བ་བཟང་ཞིང་མགྱོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད།
བུའུ་ལེ་བེ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་དོན། ཉེ་བའི་ལོ་འགའི་རིང་ལ་ཁོམ་ལུང་པུ་ཡ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་སོང་ཞིང་མཐོ་རིམ་མགོ་ཁྲིད་པས་ཕན་ཚུན་ལ་འཚམས་འདྲི་བྱེད་རྒྱུ་ཇེ་མང་དུ་སོང་བ་དང་། ཕྱོགས་གཉིས་བར་གྱི་ཉོ་ཚོང་བརྗེ་རེས་དང་དངུལ་གཏོང་མཉམ་ལས་ཇེ་མང་དུ་སོང་ཞིང་། སློབ་གསོ་དང་རིག་གནས་བརྗེ་རེས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཁོམ་ལུང་པུ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་ཇེ་མང་དུ་བཏང་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད། །
