ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་ཧ་ཨར་པིན་དུ་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པ་དང་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124627436_15605921420821n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཧ་ཨར་པིན་དུ་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་དྲུག་པ་དང་ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས་གླེང་སྟེགས་སྐབས་གཉིས་པའི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་ནས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་འགོར་བའི་ལོ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པའི་ལོ་ཡིན་པས། ཐེངས་འདིའི་དངོས་མང་འགྲེམ་སྟོན་ཚོགས་འདུ་དང་ས་གནས་མཉམ་ལས་གླེང་སྟེགས་ལ་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་གཉིས་ནི་མིག་སྔར་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། ཕྱོགས་གཉིས་ཀྱི་ས་གནས་མཉམ་ལས་བར་སྟོང་སྔར་ལས་རྒྱ་སྐྱེད་ནས། གནས་བབ་ཅུང་གལ་ཆེན་ལ་སླེབས་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ངོས་ཟིན་གཞིར་བཟུང་ནས་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་མཉམ་ལས་སྟེགས་བུ་ལ་གྲུབ་འབྲས་ཆེན་པོ་ལེན་དགོས་པ་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་དཔལ་འབྱོར་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཕྱོགས་བསྡུས་འཆར་འགོད་དང་དངོས་གཉེར་མཉམ་ལས་ཀྱི་ཁོར་ཡུག་བཟང་པོ་འདོན་སྤྲོད་བྱས་ནས། ཚོང་ལས་དངུལ་གཏོང་སྟབས་བདེ་ཅན་གྱི་ཆུ་ཚད་དུ་སླེབས་པར་བྱས་ནས། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཨུ་རུ་སིའི་ཙུང་ལི་གཞོན་པ་ཨ་ཅི་མོ་ཧྥུ་ཡིས་གཏམ་བཤད་ཁྲོད་བསྟན་དོན། ཀྲུང་གོ་དང་ཨུ་རུ་སིའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་མ་ཟད། མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད། ཨུ་རུ་སི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིགས་སོ་སོའི་ས་གནས་སྒྲིག་སྲོལ་འོག་གི་འཛུགས་སྐྲུན་རང་བཞིན་གྱི་ཁྱབ་ཁོངས་གསར་བ་སྔོག་འདོན་བྱས་ནས། དུས་བསྟུན་གོང་སྤེལ་གྱིས་གྲུབ་འབྲས་གསར་བ་ལེན་འདོད་ཡོད་ཟེར།

ཝང་ཆི་ཧྲན་དང་ཨ་ཅི་མོ་ཧྲུ་གཉིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་དངོས་མང་འགྲེམ་སྟོན་ཚོགས་འདུའི་ཨུ་རུ་སིའི་འགྲེམ་སྟོན་ཁང་གི་སྒོ་འབྱེད་སྟེང་ཞུགས་ནས་འགྲེམ་སྟོན་ལ་སྐོར་གཟིགས་གནང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།