ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གསར་སྐྲུན་འདེད་སྐུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྟོག་ཞིབ་བཞུགས་མོལ་ཚོག་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124604497_15601712024401n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣར་བཞུགས་མོལ་བྱས་ཏེ། འབྲེལ་ཡོད་ཏང་ཁག་ཚོགས་པས་སྤེལ་བའི་གསར་སྐྲུན་འདེད་སྐུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པའི་རྟོག་ཞིབ་གྲུབ་འབྲས་ལ་གྲོས་མོལ་བྱས།

ཝང་དབྱང་གིས་འབྲེལ་ཡོད་ཏང་ཁག་ཚོགས་པའི་རྟོག་ཞིབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་བསྟན་དོན། རྟོག་ཞིབ་བཞུགས་མོལ་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་བཙུགས་པའི་སྲིད་ཏང་གྲོས་མོལ་རྣམ་པ་གལ་ཆེན་ཞིག་ཡིན་པ་དང་། དེ་རང་རྒྱལ་གྱི་རྣམ་པ་གསར་བའི་སྲིད་ཏང་ལམ་ལུགས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་ལེགས་སྒྱུར་རྟོག་ཞིབ་བྱ་བར་ཤུགས་སྣོན་པ། དམངས་གཙོ་ཏང་ཁག་སོ་སོ་སྲིད་ཞུགས་སྲིད་གླེང་གི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན། ཏང་ཁག་ཚོགས་པ་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་བྱ་བ་དང་མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གཙོ་བོ་གཅིག་སྡུད་བྱས་ཏེ། བསམ་ཚུལ་དྲང་པོར་བརྗོད་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ། དོན་དངོས་ཀྱི་བྱ་བ་བསྒྲུབ་ནས་བློ་འདོན་ཇུས་འབུལ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་མཉམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་ལ་རྒྱུས་ལོན་ཚད་ཇེ་ཆེར་གཏོང་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་ནས། རང་རྒྱལ་གྱི་སྲིད་ཏང་གྲོས་མོལ་ལམ་ལུགས་སྔར་ལས་འཐུས་ཚང་དང་ཆ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།