ཀྲུང་གོ་བོད་ཀྱི་དྲ་བ།

བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ལག་བསྟར་ནན་ཏན་བྱེད་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་ བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ནི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་ངང་བཏོན་གནང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་རེད། སྤྱིའི་བླང་བྱ་དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་འགན་གཞིར་བཟུང་བ་དང་། ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྱད་ཆོས་དང་ཟུང་འབྲེལ་བཅས་བྱས་པ་ཞིག་ཡིན་པས་དོན་དངོས་ཀྱི་དམིགས་སའི་རང་བཞིན་དང་འཐབ་ཇུས་ཀྱི་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད།

ཐོག་མའི་བསམ་འདུན་སྲུང་བ་ནི་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་པོར་བརྟེན་ནས་ཐོག་མའི་བསམ་འདུན་བརྟན་པོ་སྲུང་བ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་། མི་དམངས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་སེམས་ཐོག་ནས་ཐོག་མའི་བསམ་འདུན་བསྐྱངས་ཏེ་རང་རེའི་ཏང་གི་འབྱུང་ཁུངས་མི་དམངས་ཡིན་པ་དང་། རྩ་བ་ཚུགས་ས་མི་དམངས་ཡིན་པ། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ནི་ང་ཚོ་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པའི་འཛད་མེད་ཀྱི་སྟོབས་ཤུགས་འབྱུང་ས་ཞིག་ཡིན་པ་དུས་ནམ་ཡང་མ་བརྗེད་པ་བྱེད་པ། གཞུང་ཞབས་པའི་འདུ་ཤེས་བརྟན་པོར་བརྟེན་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཏེ་མི་དམངས་ནི་གུང་ཁྲན་ཏང་མིའི་ཟས་གོས་ཕ་མ་ཡིན་པ་དང་གུང་ཁྲན་ཏང་མི་ནི་མི་དམངས་ཀྱི་ཞབས་འདེགས་པ་ཡིན་པ་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་ནམ་ཡང་མང་ཚོགས་དང་ཁ་མི་འབྲལ་བ་དང་། མང་ཚོགས་ལ་སྣང་ཆུང་མི་བྱེད་པ། མང་ཚོགས་ཀྱི་དཀའ་སྡུག་སྣང་མེད་དུ་མི་གཏོང་བ་བཅས་བྱེད་རྒྱུ་དེ་རེད།

འགན་འཁྲི་འཁུར་བ་ནི་རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཐོག་ཏུ་འཁུར་བ་བློ་ལ་བརྟན་པོ་ངེས་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་ཚན་རིག་དང་མཐུན་པའི་ལྟ་བ་དང་། ཕུགས་ཀྱི་མིག་རྒྱང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཅས་ལ་བརྟེན་ནས་བྱ་གཞག་ལ་ཐབས་ཇུས་འདིང་བ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་ཕོད་པ་དང་། འགན་འཁྲི་ལྕི་པོ་ཡིན་པ་ཤེས་བཞིན་དུ་འཁུར་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་བློ་སྟོབས་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པའི་བློ་ཁོག་ལ་བརྟེན་ནས་མདུན་སྐྱོད་ཀྱི་ལམ་བུའི་ཐོག་འཕྲད་པའི་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བར་བྱེད་པ། ལག་ལེན་གྱི་ཞུན་བརྡར་ཁྲོད་ཉམས་མྱོང་དང་བློ་གྲོས་བསགས་པ་དང་དཀའ་སྡུག་མྱོང་བ་དང་མཐོང་ཐོས་མྱོང་གསུམ་གྱི་ཁྲོད་དུ་སྙིང་སྟོབས་འཕེལ་བ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད།

ཧེ་བག་འཚོལ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིབ་བསྡུར་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་ཞིབ་བསྡུར། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་ཞིབ་བསྡུར། སྔོན་ཐོན་དཔེ་མཚོན་དང་ཉེ་འགྲམ་གྱི་མིག་དཔེར་ཞིབ་བསྡུར་བཅས་ཀྱི་སྒོ་ནས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་མིན་འཚོལ་བ་དང་། གུས་སྐྲག་ཤེས་པ་དང་། དངངས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་མིན་འཚོལ་བ། མང་ཚོགས་ཀྱི་ལྟ་བ་དང་། མང་ཚོགས་ཀྱི་ལངས་ཕྱོགས། མང་ཚོགས་ཀྱི་བརྩེ་སེམས། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་མིན་འཚོལ་བ། བསམ་བློའི་གོ་རྟོགས་དང་། ནུས་པ་དང་བྱང་ཚད། ཀུན་སྤྱོད་བློ་སྦྱོང་། སྤྱོད་ཚུལ་དང་གཟུགས་བརྙན་བཅས་ཀྱི་ཐད་ཧེ་བག་གང་དག་ཡོད་མིན་འཚོལ་བ་བཅས་བྱས་ཏེ་འབེན་ཡོད་སར་མདའ་འཕེན་པ་ལྟར་དག་ཐེར་བྱེད་རྒྱུ་དེ་རེད།

དོན་འཁྱོལ་ལ་དམ་འཛིན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྒྱུར་འཕེལ་བརྟན་གསུམ་དང་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་དེ་ཏང་ཡོན་ལས་བྱེད་པས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་གཏོད་བྱེད་པའི་ཟུངས་ཤུགས་དང་དཀའ་སྤྱད་སྙིང་རུས་དང་དངོས་འཛིན་དངོས་སྒྲུབ་ཀྱི་རང་རྟོགས་བྱ་སྤྱོད་ལ་བསྒྱུར་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་གང་ཐུབ་ཀྱིས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རྩ་བ་ཚུགས་རྒྱུར་སྐུལ་འདེད་དང་མི་དམངས་མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་རྒྱུར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་རྒྱུ་དེ་རེད།

ཀྲུང་གོ་གུང་ཁྲན་ཏང་མིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་ལ་དམ་འཛིན་བཅས་བྱེད་པ་ནི་སྔར་ནས་བཟུང་ཀྲུང་གོའི་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་འདིར་དམ་པོར་དམིགས་པར་ཏང་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་དང་། ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ཁ་ཕྱོགས་གསལ་པོ་བཟོ་བ། སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཀྱི་སྒོ་ནས་སྔོན་དཔག་གི་ཕན་འབྲས་ཐོན་པ་བྱེད་དགོས་པ། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ནི་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་གོང་བུ་ཧྲིལ་པོ་ཞིག་ཡིན་པར་གོ་བ་ཟབ་མོ་བླངས་ཏེ་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་སྟངས་འཛིན་བྱས་ནས་འདི་ཉིད་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།