ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཨ་ཨར་ཞི་ཆི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་གཞོན་པ་ཨ་ཨར་ཞི་ཆི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུའུ་ཆི་ཆི་རྣམ་གཉིས་ཀྱི་འགོ་ཁྲིད་འོག ཕྱོགས་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་མངོན་གསལ་ཐོབ། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་སྲ་བརྟན་དུ་གཏོང་བ་དང་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ། དམངས་སེམས་གཅིག་མཐུན་ཡོང་བའི་དཔེ་སྟོན་ནུས་པ་འདོན་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་ཁྲིམས་འཛུགས་དང་ལྟ་སྐུལ། ཁྲིམས་སྐྱོང་སྲིད་འཛིན་སོགས་ཕྱོགས་ཀྱི་བརྗ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ཨ་ཨར་ཞི་ཆི་ཡིས་བཤད་རྒྱུར། སེར་ཝེ་ཡའི་རྒྱལ་དམངས་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་འབྲེལ་འདྲིས་དང་འགྲོ་འོང་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་མང་ཚོགས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།