ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་སི་ཁྲོན་དཀར་མཛེས་ཀྱི་བྱ་བར་རྟོག་ཞིབ་མཛད།

    སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ལམ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། བོད་ཁུལ་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། ཁྲིམས་ལྟར་བོད་ཁུལ་བཅོས་སྐྱོང་བྱེད་པ་དང་དམངས་ཕྱུག་བོད་དར་བྱེད་པ། ཡུན་རིང་བོར་བོད་ཁུལ་འཛུགས་སྐྲུན་བྱེད་པ། མི་སེམས་གཅིག་ཏུ་བསྒྲིལ་བ། རྨང་གཞི་ཇེ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁ་གྱེས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་ལྡན་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། སྟོབས་ཤུགས་ཡོད་རྒུས་དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ནས། བོད་ཁུལ་མི་དམངས་ཀྱི་བདེ་སྐྱིད་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ངང་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་ཟེར།

ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར། ཝང་དབྱང་དཀར་མཛེས་ཀྱི་ཞིང་སྡེ་འབྲོག་ཁུལ་དང་ཆོས་ལུགས་བྱ་འགུལ་སྤེལ་སར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་ཕྱོགས་ཀྱི་གྲོས་གཞི་དང་བསམ་ཚུལ་ལ་ཉན། ཝང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་སི་ཁྲོན་བོད་ཁུལ་གྱི་ཆོས་ལུགས་ལས་དོན་དོ་དམ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་ཀྱིས་རང་རྟོགས་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་བྱེད་པར་སྣེ་ཁྲིད་བྱེད་པ། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱེད་པ། རྒྱལ་ཁྲིམས་དང་ཆོས་ཁྲིམས་བར་གྱི་འབྲེལ་བར་ངོས་འཛིན་ཡང་དག་བྱེད་པ། ཆོས་ལུགས་བདེ་ཐང་དང་སྒྲིག་ལམ་ཡོད་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་སྔར་ལས་མཐུན་པར་བྱེད་དགོས། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་པ་དང་། རྨང་གཞི་འདིང་བ་དང་རྩ་བར་དོ་དམ་བྱེད་པ། ཡུན་རིང་ལ་ཕན་འདོགས་པའི་བྱ་བ་མང་པོ་བསྒྲུབ་པ། དུས་ཐོག་ཏུ་དགོན་སྡེ་གཙོ་བོའི་ཚད་ལྡན་དོ་དམ་གྱི་ཉམས་མྱོང་བཟང་བོ་སྤྱི་སྡོམ་བྱེད་པ། ཡུན་ཕན་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཕྱི་ཕྱོགས་ཀྱི་དགྲ་ཟླའི་སྟོབས་ཤུགས་སིམ་འཛུལ་བྱེད་པར་བཀག་འགོག་བྱེད་པའི་འགོག་མཚམས་མཐའ་གཅིག་ཏུ་དམ་སྲུང་བྱེད་དགོས། བོད་རྒྱུད་ནང་བསྟན་གྱི་ཕུལ་བྱུང་འཐུས་ཚབ་མི་སྣ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། ནང་བསྟན་སློབ་གླིང་མྱུར་དུ་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ། ཆོས་ལུགས་མི་སྣའི་ཆོས་ལུགས་ཤེས་བྱ་དང་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་བཏང་སྟེ། ཁོ་ཚོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་སྤེལ་རྒྱུ་ནི་ཏང་གི་སྲིད་འཛིན་དམིགས་འབེན་གྱི་མཚོན་བྱེད་གཙོ་བོ་ཡིན་ལ། བོད་ཁུལ་གྱི་མི་རིགས་ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པའི་ཤུགས་ཡོད་བྱེད་ཐབས་ཀྱང་ཡིན་པས། དབུལ་ཐར་མཁྲེགས་གཏོར་སྤུས་ཚད་མཐོར་འདེགས་གཏོང་བ་དང་། དབུལ་སྐྱོར་དང་བསམ་བློའི་དབུལ་སྐྱོར་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུ་ཇེ་ལེགས་སུ་བཏང་སྟེ། ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་དགོས། སེམས་ཁྲལ་བྱེད་མི་དགོས་གཉིས་དང་འགན་སྲུང་གསུམ་གྱི་ཚད་གཞི་གཞིར་བཟུང་ནས་གཡོ་འགུལ་མི་བྱེད་པ་དང་། མི་འདང་ས་དང་ཉམས་ཞན་སར་དོ་སྣང་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཁུལ་གྱི་དབུལ་ཕོངས་འཛིང་རགས་གཏོར་ནས། ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གོ་རིམ་ཁྲོད་མི་རིགས་གཅིག་ཀྱང་མི་ལུས་པར་བྱེད་དགོས། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ་ལས་སྲིད་ཇུས་སྤྱོད་མཚམས་མི་འཇོག་པ་དང་རོགས་སྐྱོར་བྱེད་མཚམས་མི་འཇོག་པ། ལྟ་སྐུལ་དོ་དམ་བྱེད་མཚམས་མི་འཇོག་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་མཐུད་ངང་སྤྱི་སྡོམ་བྱེད་པ་དང་ཕྱིར་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བ། ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱས་ནས། རིམ་པ་བཞིན་ཕྱུག་བསྒྱུར་བྱེད་པ་དང་ཞིང་སྡེ་དར་སྤེལ་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིངས་པ་དང་ཆ་རྐྱེན་བསྐྲུན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།