ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏེ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏེ་ལ་གློག་འཕྲིན་བཏང་སྟེ་ཁོས་འགོ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་རྒྱ་གར་སྐབས་བཅུ་བདུན་པའི་མི་དམངས་གྲོས་ཁང་གི་འདེམ་བསྐོ་ལས་རྣམ་པར་རྒྱལ་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་རྒྱ་གར་ནི་ཁྱི་མཚེས་རྒྱལ་ཁབ་གཙོ་བོ་ཡིན་པ་དང་། དེང་སྐབས་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་གསར་དར་དཔལ་འབྱོར་ཕུང་བོ་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱེད་པ་སོགས་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་དང་མཉམ་ལས་བཟང་བོ་སྲུང་འཛིན་བྱས། བདག་གིས་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མདུན་སྐྱོད་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་ཀ་སྔར་ལས་དམ་པའི་འཕེལ་རྒྱས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།