ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124539304_15587077318901n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་ཚོགས་འདུ་ཐེངས་ཉེར་གསུམ་པ་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མིས་བཟོས་གཙང་བོའི་རིག་གནས་ཁུལ་འཛུགས་སྐྲུན་ནི་མི་རབས་ནས་དུས་གཏན་གྱི་བཟོ་སྐྲུན་གལ་ཆེན་ཡིན་ལ། སྲིད་གྲོས་ཨུ་ཡོན་གྱིས་རྒྱུན་མཐུད་ངང་སེམས་ཤུགས་འབུལ་བའི་རིན་ཐང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིས་བཟོས་གཙང་བོར་སྲུང་སྐྱོབ་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྲུང་སྐྱོབ་དམ་འཛིན་བྱེད་པ་དང་གསར་སྤེལ་མི་བྱེད་པའི་རྩ་དོན་མིས་བཟོས་གཙང་བོའི་རིག་གནས་ཁུལ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། བཟོ་སྐྲུན་དེ་ཀྲུང་ཧྭའི་དཔལ་ཡོན་འགྲེམ་སྟོན་བྱེད་པའི་ཚོང་རྟགས་མིང་གྲགས་ཅན་དང་མི་རིགས་བསྐྱར་དར་གྱི་མཚོན་བྱེད་རང་བཞིན་གྱི་རིག་གནས་ཚོང་རྟོགས་མིང་གྲགས་ཅན་དུ་འགྱུར་བར་བྱེད་དགོས་ཟེར།

ཨུ་ཡོན་དང་ཆེད་མཁས་པ་བཅུ་གཉིས་ཀྱིས་མིས་བཟོས་གཙང་བོའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་བྱེད་པ་དང་། བཞུར་རྒྱུན་ས་ཁུལ་གྱི་གནའ་བོའི་གྲོང་རྡལ་དང་སྡེ་བར་སྲུང་སྐྱོབ་བྱེད་པ། མིས་བཟོས་གཙང་བོའི་དཔལ་ཡོན་གྱི་ཀྲུང་ཕྱིའི་བརྗེ་རེས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས་པ་དང་། ཨུ་ཡོན་གོ་བརྒྱད་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་གཏམ་བཤད་སྤེལ།

ཨུ་ཡོན་སྐོར་ཞིག་གིས། མིས་བཟོས་གཙང་བོའི་རིག་གནས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་བཟོ་སྐྲུན་ཧ་ཅང་གལ་ཆེན་ཞིག་ཡིན་པས། བསམ་བློ་ཆ་ཚང་དང་སྤྱི་ཁོག་གི་འདུ་ཤེས་འཛུགས་པ་དང་། རིག་གནས་གཙོ་ཐིག་དང་སྲོག་ཤིང་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལས་འགན་གཙོ་བོ་ནི་ལོ་རྒྱུས་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་སྔོག་འདོན། སྲུང་སྐྱོབ་དང་འགྲེམ་སྟོན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་། ཚད་ཆེས་ཆེ་བའི་སྒོ་ནས་རིག་གནས་ཤུལ་བཞག་གི་བདེན་དངོས་རང་བཞིན་དང་ཆ་ཚང་རང་བཞིན། རྒྱུན་སྲིང་རང་བཞིན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་དང་གནས་སྐོར་གཉིས་མཉམ་བསྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་གྲོས་གཞི་བཏོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཆི་པོ་ཡིས་ཚོགས་ཐོག་ཏུ་བརྗོད་དོན་གཏམ་བཤད་སྤེལ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ། ཆུ་བེད་པུའུ། རིག་གནས་དང་གནས་སྐོར་པུའུ། རྒྱལ་ཁབ་རིག་དངོས་ཅུའུ་བཅས་ཀྱི་འགན་ཁུར་མི་སྣས་ཡུལ་དངོས་ནས་བསམ་ཚུལ་བརྗེ་རེས་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།