ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁི་ཆང་གིས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་ཝང་རོས་ཅེ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190524093807UMIl.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ཙི་ཀུང་ཀི་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་དང་ནོར་སྲིད་པུའུ་ཀྲང་ཝང་རོས་ཅེ་ལ་མཇལ་འཕྲད་གནང་། ལི་ཁི་ཆང་གིས་བསྟན་དོན། དེང་སྐབས་ཀྲུང་གོ་དང་སིང་ག་ཕོར་གྱི་འཕེལ་རྒྱས་འབྲེལ་བ་ཇེ་ལེགས་སུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་མཐོར་རིམ་བར་གྱི་འགྲོ་འོང་མུ་མཐུད་དུ་དམ་འཛིན་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་སིང་ག་ཕོར་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་སྔར་ལས་བཟང་བོ་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་གཞོན་པ་རིམ་པའི་ཕྱོགས་གཉིས་ཀྱི་མཉམ་ལས་ནང་རྐྱེན་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་བ་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དངུལ་གཏོང་དང་དངུལ་ལོར། རིག་ལྡན་གྲོང་ཁྱེར་བཅས་ཀྲུང་གོའི་ས་གནས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་སིང་ག་ཕོར་དང་མཉམ་ལས་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་སྔར་ལས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར། 

ལི་ཁི་ཆང་གིས་བསྟན་དོན། ཀྲུང་གོའི་སྒོ་འབྱེད་ཀྱིས་རྒྱལ་ཁབ་རང་གི་མི་དམངས་ལ་བདེ་སྐྱེད་བསྐྲུན་པར་སྐུལ་འདེད་བཏང་ཡོད་པར་མ་ཟད། འཛམ་གླིང་གི་འཕེལ་རྒྱས་ལའང་གསར་སྐྲུན་གྱི་གོ་སྐབས་ཆེན་པོ་བསྐྲུན་ཡོད།  ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་རྒྱ་སྐྱེད་པ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་གཏོང་ངེས་ཡིན། སིང་ག་ཕོར་དང་བཅས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་པ་དང་། ང་ཚོས་སྔར་བཞིན་ཕྱི་ནང་གི་དངུལ་གཏོང་ཁེ་ལས་ལ་གཅིག་མཐུན་གྱི་ལྟ་ཚུལ་བཟུང་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བསྒྱུར་བྱེད་པ་དང་། འདྲ་མཉམ་དྲང་བདེན་གྱིས་འགྲན་རྩོད་དང་མཉམ་ལས་བྱེད་པར་སྐུལ་ལྕགས་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་རང་དབང་ཉོ་ཚོང་གི་གཞི་རྩའི་རྩ་དོན་ལ་མཉམ་དུ་སྲུང་སྐྱོང་བྱས་ཏེ། རང་ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཝང་རོས་ཅེ་ཡིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོར་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། སང་ལོར་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་ལོར་པར་བསུ་མ་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་འགོ་རྩོམ་སར་གནས་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏོང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧི་ལི་ཧྥིན་གོང་གི་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།