ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལི་ཅི་ཡིས་ཧུའུ་པེ་ཡི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124529802_15585342671501n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར་ཧུའུ་པེ་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྒྲིག་སྲོལ་དང་བཅའ་ཁྲིམས་ལྟར། གནད་ལ་ཁེལ་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་ལམ་ལག་བསྟར་དང་འགན་འཁྲི་རྩད་གཅོད་བྱེད་པ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བསྒྲུབ་པར་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བའི་སྟེང་གཅིག་གྱུར་བྱས་ཏེ། གོང་འོག་མཐུན་སྒྲིལ་དང་དཀའ་ངལ་ཁྱད་སེལ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པར་བརྟེན་ནས་ཕྱོགས་སོ་སོའི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཀྲའོ་ལི་ཅི་ཁྲུང་དབྱང་རྫོང་ལང་ཁུག་སྡེ་བ་དང་ཝུའུ་ཧན་གྲོང་ཁྱེར་པའེ་པུའུ་ཐིན་གཞིས་ཁུལ།  ཀོང་ཀུའུ་འགྲེམ་སྟོན་ལྟེ་གནས་སུ་སོང་ནས། གཞི་རིམ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་ཁ་གཏད་བརྗེ་རེས་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་རྒྱུན་མཐུད་ངང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་སྲོལ་ངན་བཞིའི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་ལྷོད་མེད་བྱེད་དགོས། ཡང་དང་བསྐྱར་དུ་བྱུང་བའི་གནད་དོན་ཐད་ནས། ལེགས་བཅོས་ནན་མོ་བྱེད་པའི་ཞོར་དུ་འབྲེལ་ཡོད་ཕྱོགས་ཀྱིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སློབ་གསོར་ཤུགས་སྣོན་པར་སྐུལ་འདེད་བཏང་སྟེ། ཞོར་གཅིག་ཏུ་སྤེལ་མི་ཕོད་པ་དང་སྤེལ་མི་ཐུབ་པ་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ཆེད་དོན་སྐོར་ཞིབ་དང་དག་ཐེར་ལེགས་བཅོས་ལ་ཤུགས་བསྣན་ནས། དབུལ་ཐར་མཁྲེགས་གཏོར་དང་དབུལ་ཐར་བྱས་རྗེས་ཀྱིས་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ལག་བསྟར་བཟང་བོར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

1124529802_15585342671511n.jpg

ཀྲའོ་ལི་ཅི་ཡིས་ཝུའུ་ཧན་ནས་འགོ་མཛིན་མཛད་དེ་གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་དུ་རྒྱུན་བསྲིང་བའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཡིན་པ་དང་། དེའི་རྩ་བའི་ལས་འགན་ནི་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཉེ་འགྲམ་གྱི་རུལ་སུངས་གནད་དོན་དང་སྲོལ་ངན་ཐག་བཅད་དེ། མང་ཚོགས་ཀྱིས་ཏང་གི་ཐུགས་ཁུར་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་མྱོང་ཚོར་བྱེད་ཐུབ་པར་བྱེད་དགོས་ཟེར།

ཧུའུ་པེ་ཞིང་ཆེན་དང་ཞན་ཉིང་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དུ། ཀྲའོ་ལི་ཅི་ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཆེད་ཞུ་ལྟ་ཞིབ་པ་དང་བརྗེ་རེས་གཏིང་ཟབ་བྱས་ནས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བ་ནི་ཆབ་སྲིད་བྱ་བ་གལ་ཆེན་ཡིན་པས། འགན་ཁུར་བ་དང་འདྲ་མཉམ་དྲང་གཞག་གི་ལྟ་སྟངས་འཛིན་པ། གཟབ་ནན་བྱེད་པ་དང་། ཁུལ་གསུམ་ཁ་བགར་བ་རྒྱུན་འཁྱོངས་བྱེད་པ། དོ་དམ་ནན་མོ་བྱེད་པ་དང་གཟིགས་སྐྱོང་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། བསམ་བློ་ཆབ་སྲིད་བྱ་བ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྱོད་གཞི་རེ་རེ་ཞིབ་ཕྲ་སྒོས་བསྒྲུབ་པ་དང་། དོན་དག་རེ་རེ་ཐག་གཅོད་བཟང་བོ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པས་སེམས་ཆུང་བྱེད་པ་དང་ང་རྒྱལ་ཁེངས་དྲེགས་མི་སྐྱེ་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། རང་གཅུན་བྱེད་པར་ཤུགས་སྣོན་པ། རང་སྟེང་གི་གནད་དོན་འཚོལ་བ་དང་ཐག་གཅོད་བྱེད་ཕོད་པར་བྱས་ནས། ནམ་ཡང་བློ་དཀར་བ་དང་དྭངས་གཙང་ཡིན་པ། ཁག་ཕུར་བྱེད་ཕོད་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།