ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190509092338FXMS.jpg

ཟླ5བའི་ཚེས7དང་ཚེས8ཉིན་གཉིས་ལ། རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7དང་ཚེས8ཉིན་གཉིས་ལ། རྒྱལ་ཡོངས་སྤྱི་བདེ་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གཉིས་ཀ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཀྱི་མདུན་དུ་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་ཆེན་པོ་གཉིས་དང་འཕེལ་རྒྱས་དང་བདེ་འཇགས་དོན་ཆེན་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ། སྤྱི་བདེ་བྱ་བར་ཤུགས་སྣོན་པའི་ཐད་ལ་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་གཏན་འཁེལ་བྱས་པ་དང་། བཅོས་སྒྱུར་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་བསྟར་བྱས་ཤིང་། སྤྱི་བདེ་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་པ་དང་ཁྱོན་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པར་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྐྱོང་ཡིད་ཆེས་ནུས་ཤུགས་ཇེ་ཆེར་བཏང་བ་དང་སྤྱི་ཚོགས་འདྲ་མཉམ་དང་དྲང་བདེན་ཡོང་བར་སྐུལ་འདེད་བཏང་བར་མ་ཟད། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་བཏང་བ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་འགན་སྲུང་བྱས་ཟེར། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་བདེ་བྱ་བར་མཐོང་ཆེན་བྱས་ཏེ། སྤྱི་བདེ་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་ཞིང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་དབང་དང་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་བདེ་བྱ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་ཐག་གཅོད་རོགས་བྱས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པར་ཆ་རྐྱེན་བཟང་བོ་སྐྲུན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀོ་ཧྲིན་ཁུང་གིས་སྤྱི་བསྡོམས་གཏམ་བཤད་གནང་སྐབས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱེད་པ་དང་། ཤུགས་ཆེན་པོས་སྤྱི་བདེ་བྱ་བའི་དེང་རབས་ཅན་དང་སྤྱི་བདེ་དཔུང་སྡེ་གསར་བརྗེ་ཅན་དང་ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་མུ་མཐུད་དུ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། བྱང་ཚད་མཐོ་བའི་སྤྱི་བདེ་དཔུང་སྡེ་འཛུགས་སྐྲུན་བྱེད་པ། ཚད་ལྡན་དང་དྲང་བཞག དཔལ་ཡོན་བཅས་ཀྱི་ཁྲིམས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་རྦད་ཆོད་སྒོས་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་ཨུ་ཡོན་ཁ་ཤས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།