ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་ཆེད་མངག་ཕོ་ཉར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190425100708ldTP.jpg

ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་ཆེད་མངག་ཕོ་ཉ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པོ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་གྱི་དབུ་བཞུགས་བློན་ཆེན་གྱི་ཆེད་མངག་ཕོ་ཉ། རང་དབང་དམངས་གཙོ་ཏང་གི་ལས་འཛིན་དཔོན་པོ་ཨར་ཅེ་ཅུན་པོ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་སླར་ཡང་རྒྱུན་ལྡན་གྱི་ལམ་བུ་རུ་ཞུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་བཟང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་ཁེལ་བྱས་པའི་རྩ་དོན་སྣ་ཚོགས་བརྩི་སྲུང་བྱེད་པ་དང་། ཞི་བདེ་མཛའ་བརྩེའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ། གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་པན་གྱིས་ཕན་ཚུན་ལ་འཇིགས་ཉེན་བཟོ་མི་སྲིད་པ་དང་མཉམ་ལས་གྲོགས་པོ་ཡིན་ལ།  ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ཞི་བདེ་འཕེལ་རྒྱས་ཀྱི་ཆབ་སྲིད་ཐད་ཀྱི་ཐུན་མོང་གི་ལྟ་བ་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཆུ་ཚད་གསར་ཞིག་ཏུ་བསླེབ་པར་བྱེད་དགོས། ཕྱོགས་གཉིས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས། ཀྲུང་གོས་འཇར་པན་མུ་མཐུད་དུ་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཇར་པན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་ཏ་པན་མཐོ་རིམ་གྲོས་ཚོགས་བཟང་བོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་འཇར་པན་གྱི་ན་གཞོན་ལོ་ཆུང་གི་བརྗེ་རེས་སྐུལ་སྤེལ་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དང་ལྷག་པར་དུ་ན་གཞོན་ལོ་ཆུང་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་སྟེ། དམངས་སེམས་གཅིག་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཨར་ཅེ་ཅུན་པོ་ཡིས་ཞི་ཅིན་ཕིང་ལ་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱི་མིང་བཀོད་འཕྲིན་ཡིག་བརྒྱུད་སྤྲོད་བྱས་ནས་བསྟན་དོན། འཇར་པན་དང་ཀྲུང་གོའི་འབྲེལ་བ་སླར་ཡང་རྒྱུན་ལྡན་གྱི་ལམ་དུ་ཞུགས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་བཅངས་པའི་ལྟ་ཚུལ་གྱིས་ང་ལ་སེམས་འགུལ་ཐེབས་སུ་བཅུག ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་གྲོས་གཞི་ནི་སྦས་ཤུགས་ཆེན་པོ་ལྡན་པའི་རླབས་ཆེན་གྱི་བསམ་བཀོད་ཡིན་པ་དང་། འཇར་པན་ཕྱོགས་ཀྱིས་ཀྲུང་གོས་བསམ་བཀོད་དེ་བརྒྱུད་ནས་འཛམ་གླིང་དང་ས་ཁུལ་ཐད་བཞག་པའི་བྱས་རྗེས་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད། ངས་ཐེངས་འདིར་དབུ་བཞུགས་བློན་ཆེན་གྱི་ཆེད་མངག་ཕོ་ཉའི་འགན་ཁུར་ནས་ཀྲུང་གོའི་མཐོ་རིམ་གླེང་སྟེགས་ལ་ཞུགས་པར་ཡོང་བ་ཡིན་ལ། སྐབས་འདིར་བརྟེན་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་བར་བརྗེ་རེས་རྒྱ་ཆེར་སྤེལ་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཨན་པེ་ཅིན་སན་གྱི་འཕྲིན་ཡིག་དང་ལེན་བྱས་པར་མ་ཟད། ཨར་ཅེ་ཅུན་པོ་ཡིས་ཁོང་གིས་ཨན་པེ་ཅིན་སན་ལ་བསྐུར་བའི་འཚམས་འདྲི་བརྒྱུད་བསྐུར་བྱེད་རྒྱུའི་རེ་བ་བཏོན།

ཏིང་ཞུའེ་ཞང་དང་དབྱང་ཅི་ཁྲི། ཝང་དབྱི། ཧི་ལིས་ཧྥུན་བཅས་གོང་གི་བྱ་འགུལ་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།