ཀྲུང་གོ་བོད་ཀྱི་དྲ་བ།

2019ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར168.5བར་མང་དུ་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟ།  ཉེ་ཆར།  སློབ་གསོ་པུའུ་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའེ་ཡུས་ཀང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། ཀྲུང་དབྱང་ནོར་སྲིད་ཀྱིས2018ལོར་སློབ་ཞུགས་གོང་གི་སློབ་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར150བཀོད་སྒྲིག་བྱས་པ་དང2019ལོར་རྨང་གཞི་དེའི་ཐོག་སྒོར་དུང་ཕྱུར168.5བར་མང་དུ་བཏང་ནས་ས་གནས་ཁག་གིས་ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན། སློབ་གསོ་འགན་ལེན་གྱི་སྤུས་ཚད་མཐོར་གཏོང་བཅས་བྱ་རྒྱུ་རེད།

ལུའེ་ཡུས་ཀང་གིས། འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོ་པུས་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་སྤུས་ལེགས་དང་ཀུན་ཕན་གྱི་ཤོང་ཚད་ཆེ་རུ་གཏོང་བའི་འཛུགས་སྐྲུན་འདུ་འགོད་ལག་བསྟར་བྱེད་འགོ་བཙུགས་ཏེ2019ལོར་ཆེད་དོན་མ་དངུལ་སྒོར་དུང་ཕྱུར10བཏང་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)11གི་ཚོད་ལྟ་བྱ་ཡུལ་ལ་རྒྱབ་སྐྱོར་བྱས་ནས་ས་གནས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བའི་ཁྲིད་སྟོན་དང་སྐུལ་ལྕག་བྱས་པ་དང་། བུ་བཅོལ་ཁང་གི་འཛུགས་སྐྲུན་ལ་གཙོ་གནད་ཤུགས་བརྒྱབ་པས་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ཆེ་རུ་ནུས་ལྡན་ཕྱིན་ཡོད་ཅེས་བརྗོད།

ལུའེ་ཡུས་ཀང་གིས་ངོ་སྤྲོད་བྱས་པར། ས་གནས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། དུས་ཚོད་དམ་འཛིན་གྱིས་འབྲེལ་ཡོད་དོན་འཁྱོལ་ཇུས་གཞི་ཞིབ་བཟོ་བྱས་ཏེ་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་། ཀུན་ཕན། བདེ་འཇགས། སྤུས་ལེགས་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔེར་ན་པེ་ཅིང་གིས་བར་མཐོངས་ཀྱི་སྟོང་ཆ་བཞག་ནས་བུ་བཅོལ་ཁང་རྒྱས་སྐྲུན་བྱས་པ་དང་། གཞུང་བཙུགས་ཁེ་ལས་དང་བྱ་གཞག་ཚན་པ་དང་ཁྲོམ་གཞུང་དོན་གཅོད་ཁང་བཅས་སུ་བུ་བཅོལ་ཁང་འཛུགས་པར་རྒྱབ་སྐྱོར་བྱས་པ། ས་ཆ་བོགས་མར་གཡར་ནས་བུ་བཅོལ་ཁང་བསྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀུན་ཕན་རང་བཞིན་གྱི་ཐོན་ཁུངས་འདོན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བས2018ལོར་སློབ་ཞུགས་གོང་གི་སློབ་གནས་ཁྲི་3མང་དུ་ཕྱིན་པ་དང2019ལོར་བསྐྱར་དུ་སློབ་གནས་ཁྲི3མང་དུ་གཏོང་རྩིས་ཡོད་པ་རེད། ཐེན་ཅིན་གྱིས2019ལོར་བུ་བཅོལ་ཁང150གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ་སློབ་གནས་ཁྲི4མང་དུ་གཏོང་རྩིས་ཡོད་པ་རེད། ཧོ་ནན་གྱིས2019ལོར་བུ་བཅོལ་ཁང1000གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ་སློབ་གནས་ཁྲི10མང་དུ་གཏོང་རྩིས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།