ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉི་ཤུ་བ་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་བྱིས་པའི་དགེ་རྒན་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པར་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། བྱིས་པའི་དགེ་རྒན་གྱིས་བྱིས་གསོ་དང་སློབ་གསོའི་འགན་ནུས་ཕྲག་ཏུ་ཁུར་ཡོད་ལ། བྱིས་པ་ཁྲི་ཕྲག་མང་པོ་བདེ་ཐང་ངང་འཚར་ལོངས་བྱུང་བ་དང་། སློབ་སྔོན་སློབ་གསོའི་ལས་དོན་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་འབྲེལ་བ་ཡོད། བྱིས་པའི་དགེ་རྒན་སྐྱེད་སྲིང་ལ་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་སློབ་སྔོན་སློབ་གསོའི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བྱིས་པའི་སློབ་གསོ་ཐད་བཅངས་པའི་རེ་བ་སྐོང་དགོས་ཟེར།

ཨུ་ཡོན་བཅུ་གཉིས་ཀྱིས་བྱིས་པའི་དགེ་རྒན་སྐྱེད་སྲིང་མ་ལག་དང་དགེ་རྒན་བྱེད་ཆོག་པའི་འཛིན་ཡིག་ལེན་པ། སྒྲིག་ལུགས་ཐོབ་ཐང་། ཁྲིམས་ལུགས་འགན་སྲུང་སོགས་ལ་དམིགས་ནས་བློ་འདོན་ཇུས་འབུལ་བྱས། ཨུ་ཡོན་སུམ་ཅུ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་གཏམ་བཤད་སྤེལ། ཚང་མས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། རང་རྒྱལ་གྱི་སློབ་སྔོན་སློབ་གསོ་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་ན་ཡང་། སློབ་སྔོན་སློབ་གསོ་སྔར་བཞིན་དུ་སློབ་གསོ་མ་ལག་ཧྲིལ་བོའི་ཐད་ཀྱི་ཞན་ཆ་ཡིན་ལ། བྱིས་གཉོར་ཁང་དུ་ཞུགས་དཀའ་བ་དང་བྱིས་གཉོར་ཁང་གི་སློབ་ཡོན་མཐོ་བ་དེ་སྔར་བཞིན་དུ་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དམངས་ཚིས་དཀའ་གནད་ཅིག་ཏུ་གྱུར་ཡོད་ཟེར།

ཨུ་ཡོན་སྐོར་ཞིག་གིས། སྤྱི་ཕན་ཀུན་ཕན་ནི་སློབ་སྔོན་སློབ་གསོ་འཕེལ་རྒྱས་ཀྱི་གཞི་རྩའི་ཁ་ཕྱོགས་ཡིན་ལ། སྲིད་གཞུང་གིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དེའི་ཞོར་དུ་ཚོང་རའི་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སློབ་སྔོན་སློབ་གསོའི་ནོར་སྲིད་དངུལ་གཏོང་གི་བསྡུར་ཚད་མཐོར་འདེགས་གཏོང་བ་དང་། སློབ་སྔོན་སློབ་གསོའི་དངུལ་གཏོང་དངུལ་བསྲེས་རྐྱེན་སྲོལ་གསར་གཏོད་བྱས་ནས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བྱིས་གཉོར་ཁང་བསྒྲུབ་པར་སྐུལ་མ་གཏོང་དགོས། བྱིས་པའི་དགེ་ཐོན་སློབ་གསོའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཆེད་དོན་སློབ་གྲྭའི་སློབ་བསྡུ་མི་གྲངས་ཇེ་མང་དུ་གཏོང་དགོས། བྱིས་པའི་དགེ་རྒན་ལ་དུས་བཅད་ལྟར་གསོ་སྦྱོང་བྱེད་པའི་ལམ་ལུགས་འཛུགས་པ་དང་། སློབ་སྔོན་སློབ་གསོའི་ཆེད་ལས་མིན་པའི་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དགོས། བྱིས་པའི་དགེ་རྒན་ཁྲོད་ཀྱི་སྐྱེས་པའི་དགེ་རྒན་གྱི་བསྡུར་ཚད་འོས་འཚམ་སྒོས་ཇེ་མཐོར་གཏོང་བ་དང་། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བྱིས་པའི་དགེ་རྒན་དཔུང་སྡེའི་གྲུབ་ཚུལ་ལེགས་བསྒྱུར་བྱེད་དགོས། བྱིས་པའི་དགེ་རྒན་གྱི་འགན་སྲུང་སྲིད་ཇུས་ལག་བསྟར་བྱེད་པ་དང་། དགེ་རྒན་གྱི་སྒྲིག་ལུགས་གནད་དོན་ཐག་གཅོད་པ། དགེ་རྒན་གྱི་ཞོར་ཕོགས་དང་ལས་རིགས་ཀྱི་ལོ་ཕོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྒྲིག་ལུགས་ཕྱི་ནང་གི་དགེ་རྒན་གྱི་ལས་གཅིག་ཕོགས་གཅིག་དང་གཞུང་བཙུགས་དམངས་བཙུགས་ཀྱི་ཟླ་ཕོགས་གཅིག་མཐུན་མངོན་འགྱུར་བྱས་ནས། བྱིས་པའི་དགེ་རྒན་ལས་དོན་དེ་འགུག་ཤུགས་ལྡན་པའི་གཟི་བརྗིད་ཀྱི་ལས་རིགས་ཤིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ལུའུ་ཀྲན་གུང་གིས་ཚོགས་ཐོག་ནས་གཏམ་བཤད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།