ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨུན་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཡང་བསྐྱར་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་མིང་བཏོན་འདེམས་བསྐོ་བྱས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲིན་ཨུན་ལ་གློག་འཕྲིན་བཏང་སྟེ་ཁོ་རང་ཡང་བསྐྱར་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་མིང་བཏོན་འདེམས་བསྐོ་བྱས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཁྱོད་རང་ཡང་བསྐྱར་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་མིང་བཏོན་འདེམས་བསྐོ་བྱས་པ་དེ་ལས་ཁྲའོ་ཞན་ཏང་དང་མི་དམངས་ཀྱིས་ཁྱོད་ལ་ཡིད་ཆེས་དང་གོང་བཀུར་བྱེད་ཀྱིན་ཡོད་པ་མཚོན་ཡོད་པས། བདག་གིས་ཁྱོད་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་ལྷག་བསམ་རྣམ་དག་སྒོས་སྨོན་འདུན་ཞུས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། ཨུ་ཡོན་ཀྲང་གི་འགོ་ཁྲིད་འོག ཁྲའོ་ཞན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པ་དང་སྤྱི་ཚོགས་རིང་ལུགས་ལས་དོན་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་བར་ཞུགས། ཨུ་ཡོན་ཀྲང་གིས་གཏན་འཁེལ་བྱས་པའི་འཐབ་ཇུསདང་ལམ་ཕྱོགས་གསར་བའི་མཛུབ་སྟོན་འོག ཁྲའོ་ཞན་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ནི་མཛའ་མཐུན་འབྲེལ་བ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན། བདག་གིས་ཀྲུང་གོ་དང་ཁྲའོ་ཞན་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། བདག་གིས་ཨུ་ཡོན་ཀྲང་དང་མཉམ་དུ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་ཀྲུང་གོ་དང་ཁྲའོ་ཞན་འབྲེལ་བ་དེ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།