ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ། ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་སྐྱོང་ཞིབ་བཤེར་དངོས་སུ་སྤེལ་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིའི་ཁྲིམས་སྐྱོང་ཞིབ་བཤེར་གྱི་དོན་སྙིང་གལ་ཆེན་དང་དམིགས་འབེན་དང་ལས་འགན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་གནད་ཆེ་ས་དམ་འཛིན་བྱེད་དགོས་ལ། འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་རྣམ་པའི་འགྱུར་ལྡོག་གནས་ཚུལ་གཙོར་བཟུང་སྟེ་ཞིབ་བཤེར་བྱེད་པ་དང་། སྲིད་གཞུང་གིས་གཏན་འཁེལ་བྱས་པའི་འགན་འཁྲི་དངོས་འབེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། བཅའ་ཁྲིམས་དང་ལམ་ལུགས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་ནས། ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད་ཁྲིམས་སྐྱོང་ཞིབ་བཤེར་གྱི་དམིགས་ཡུལ་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ཟེར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་དང་ཧྲིན་ཡའོ་ཡའོ། ཏེན་ཀྲུང་ལིས་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཐེངས་འདིའི་ཁྲིམས་སྐྱོང་ཞིབ་བཤེར་ཚན་ཁག་གི་ཚན་གཙོའི་འགན་འཁུར་བ་དང་ཞིབ་བཤེར་ཚན་ཆུང་བཞི་བགོས་ཏེ་ཞིང་ཆེན་བརྒྱད་ལ་སོང་སྟེ་ཡུལ་དངོས་ནས་ཞིབ་བཤེར་བྱེད་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།