ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྨན་བཅོས“ཆ་འཕྲིན་ཅན”ནས“བློ་རིག་ཅན”དུ་འགྱུར་བཞིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤེལ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་སྲིད་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅའོ་ཡ་ཧུའེ་ཡིས་རང་རྒྱལ་གྱི་སྨན་བཅོས་ཞབས་ཞུ“ཆ་འཕྲིན་ཅན”ནས“བློ་རིག་ཅན”དུ་འགྱུར་བཞིན་ཡོད། འདི་ལོ། རང་རྒྱལ་གྱིས་གྲོང་ཁྱེར100རུ་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་ས་འཛུགས་པ་དང་འབྲེལ་བློ་རིག་སྨན་ཁང་མགྱོགས་མྱུར་སྐྲུན་མཁན་རེད་ཅེས་བརྗོད།

ཅའོ་ཡ་ཧུའེ་ཡིས། བློ་རིག་སྨན་ཁང་ལ་གཙོ་བོ་ཁྱབ་ཁོངས་ཆེན་པོ་གསུམ་ཡོད། ཁྱབ་ཁོངས་དང་པོ་ནི་སྨན་དོན་མི་སྣར་ཕྱོགས་པའི“བློ་རིག་སྨན་བཅོས”ཡིན་པ་སྟེ། གློག་རྡུལ་ནད་དེབ་ཀྱིས་གཙོ་བོ་བྱེད་པའི་ཆ་འཕྲིན་གྱི་མ་ལག་ཡིན་པ་དང་། ཁྱབ་ཁོངས་གཉིས་པ་ནི་ནད་པར་ཕྱོགས་པའི“བློ་རིག་ཞབས་འདེགས”ཡིན། ཁྱབ་ཁོངས་གསུམ་པ་ནི་སྨན་ཁང་གི་དོ་དམ་ལ་ཕྱོགས་པའི“བློ་རིག་དོ་དམ”རེད། ཉིན་ཤས་གོང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《བློ་རིག་སྨན་ཁང་གི་ཞབས་ཞུའི་རིམ་དབྱེའི་ཚོད་སྐོར་ཚད་གཞིའི་མ་ལག(ཚོད་ལྟའི་ལག་བསྟར)》ཁྱབ་བསྒྲགས་བྱས་ཤིང་། སྨན་ཁང་གི་བློ་རིག་ཞབས་ཞུར་རིམ་དབྱེའི་དོ་དམ་བྱས་ཏེ་རིམ་པ0ནས5བར་དབྱེ་ནས་སྨན་ཁང་གི་བློ་རིག་མ་ལག་ཁག་མཉམ་སྦྲེལ་མཉམ་མཐུད་ཀྱིས་སྤྱི་ཡོངས་ཤིག་ཆགས་པར་བྱེད་དགོས་པ་ཁ་གསལ་བཏོན་ཡོད། འདི་ལོ། རང་རྒྱལ་གྱིས་གྲོང་ཁྱེར100རུ་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་ས་བཙུགས་ཏེ་ཆ་འཕྲིན་ཅན་གྱིས་འདེགས་སྐྱོར་བྱེད་པའི་རྒྱང་ཁྲིད་སྨན་བཅོས་མ་ལག་དང་། རྒྱང་ཁྲིད་ནད་དཔྱད་མ་ལག རྒྱང་ཁྲིད་སློབ་གསོའི་མ་ལག ཕྱོགས་གཉིས་པར་ནད་ལྟ་བའི་མ་ལག་བཅས་བསྐྲུན་ནས་ནད་པར་གཞི་གཅིག་ཅན་གྱི་ནད་བརྟག་སྨན་བཅོས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད་ཅེས་བརྗོད།

ཅའོ་ཡ་ཧུའེ་ཡིས་བསྟན་དོན། རང་རྒྱལ་གྱི་སྨན་བཅོས་ཞབས་ཞུའི་ཆ་འཕྲིན་ཅན་དང་བློ་རིག་ཅན་གྱི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གཅིག་ནས་གོ་རིམ་དེ་བས་སྟབས་བདེ་རུ་ཕྱིན་ཞིང་། སྨན་བཅོས་སྒྲིག་གཞི་དང་ལྷག་པར་དུ་རིམ་གསུམ་སྨན་ཁང་གིས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་ནད་པར་ནད་བརྟག་སྨན་བཅོས་སྔོན་ནས་མངགས་པ་དང་། སྨན་བཅོས་བྱེད་པར་ཡོང་རྒྱུར་དྲན་སྐུལ། སྨན་ཁང་ནང་གི་ཕྱོགས་སྟོན། བརྟག་ཞིབ་འབྲས་བུ་འདྲི་རྩད། དངུལ་སྐྱེལ། བདེ་ཐང་སློབ་གསོ་སོགས་ཀྱི་ཞབས་འདེགས་ཞུས་ཏེ“ཉུང་གཏོང་བཞི”སྟེ་ནད་པ་སྨན་ཁང་དུ་ཡོང་ཐེངས་ཉུང་དུ་གཏོང་བ་དང་། སྨན་ཁང་དུ་ཡང་བསྐྱར་བང་སྒྲིག་ཚད་ཉུང་དུ་གཏོང་བ། སྒོ་བསྟེན་སྨན་བཅོས་ཁང་དུ་སྒུག་པའི་དུས་ཚོད་ཉུང་དུ་གཏོང་བ། སྨན་ཁང་དུ་སྡོད་པའི་ཆ་སྙོམས་ཉིན་གྲངས་ཉུང་དུ་གཏོང་ཐུབ་ཡོད། གཉིས་ནས་ཞབས་ཞུའི་འཇོན་ཐང་དེ་བས་ཆེ་ཞིང་། སྨན་བཅོས་སྒྲིག་གཞིས་སྒུལ་བདེའི་སྨན་བཅོས་APPབཀོལ་སྤྱོད་བྱས་ཏེ“ལག་ཐོགས་ཀྱི་སྨན་བཅོས་ཞབས་ཞུ”མངོན་འགྱུར་ཐུབ་ཡོད། སྨན་དོན་མི་སྣས་ལག་ཐོགས་ཁ་པར་ནས་ནད་སྐོར་རྒྱག་པ་དང་། ལག་ཐོགས་ཁ་པར་ནས་ནད་པར་མངགས་བཅོལ་བྱེད་པ། ལག་ཐོགས་ཁ་པར་ནས་སྨན་བཅོས་སྒྲིག་ཆས་དང་རིག་ནུས་ཅན། འགུལ་རྣམ་ཅན་གྱི་སྐུད་མེད་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་བདག་སྐྱོང་བཅས་བྱས་པས་སྨན་བཅོས་ཞབས་ཞུའི་བར་མཐོངས་ཀྱི་ཚོད་འཛིན་ཉུང་དུ་བཏང་ཡོད། ནད་བརྟག་སྨན་བཅོས་བྱེད་སྐབས་སྐད་ཆ་བཤད་དེ་ཡི་གེ་དོན་པའི་ནད་དེབ་དང་། ཕྱོགས་བསྡུས་ཉེན་བརྡའི་དྲན་སྐུལ། རིག་ནུས་ཅན་གྱི་ནད་བརྟག་སྨན་བཅོས་ཀྱི་ཐབས་ཇུས་རྒྱབ་སྐྱོར་བཅས་བེད་སྤྱད་པས་ཞབས་ཞུའི་ལས་ཆོད་ཆེས་ཆེར་མཐོ་རུ་ཕྱིན་ཡོད། གསུམ་ནས་དོ་དམ་དེ་བས་ཞིབ་ཚགས་སུ་ཕྱིན་ཞིང་། མིག་སྔར། སྨན་ཁང་མང་པོས་ཕྱོགས་བསྡུས་གཉེར་སྐྱོང་གི་དོ་དམ་མ་ལག་དང་། སྨན་བཅོས་སྙིགས་རོའི་དོ་དམ་མ་ལག རིག་ནུས་ཀྱི་ཉལ་ཆས་དང་ནད་གོས་ཀྱི་དོ་དམ་མ་ལག རིག་ནུས་ཀྱི་སྒྲིག་ཆས་ལྟ་སྐུལ་ཚོད་འཛིན་མ་ལག རིག་ནུས་ཀྱི་ནུས་རྒྱུའི་དོ་དམ་ཚོད་འཛིན་མ་ལག་སོགས་བཙུགས་པ་བརྒྱུད། ལས་ཀའི་བརྒྱུད་རིམ་གྱི་གདུབ་ཟུམ་དོ་དམ་མངོན་འགྱུར་བྱུང་བ་དེ“བློ་རིག་དོ་དམ་པ”ཞིག་བཀོད་སྒྲིག་བྱས་པ་དང་འདྲ་བར་སྨན་ཁང་གི་དོ་དམ་ཚན་རིག་དང་མཐུན་པའི་ཆུ་ཚད་མཐོ་རུ་ཕྱིན་ཡོད།

ཉེ་བའི་ལོའི་རིང་། རྒྱལ་ཁབ་འཕྲོད་བསྟེན་བདེ་འཇགས་ཨུ་ལྷན་གྱིས“དྲ་སྦྲེལ་+སྨན་བཅོས”ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ་སྟེ།  གཅིག་ནས་གློག་རྡུལ་ནད་དེབ་ཀྱིས་གཙོ་བོ་བྱས་ཏེ་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། སྨན་བཅོས་སྒྲིག་གཞིའི་གློག་རྡུལ་ནད་དེབ་མ་ལག་གི་བཀོལ་སྤྱོད་ཆུ་ཚད་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་ཏེ་སྨན་བཅོས་སྒྲིག་གཞིར་ཚན་རིག་དང་མཐུན་པ་དང་། ལུགས་མཐུན། གོ་རིམ་ལྡན་པ་བཅས་ཀྱིས་གློག་རྡུལ་ནད་དེབ་མ་ལག་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཡོད། ནད་དཔེའི་ཤོག་ལྷེ་དང་པོའི་ནང་དོན་ཚད་ལྡན་དང་། ནད་གཞིའི་རིགས་དབྱེའི་ཨང་རྟགས། གཤགས་བཅོས་བཀོལ་སྤྱོད་ཀྱི་ཨང་རྟགས། གསོ་རིག་གི་ཐ་སྙད་བཅས་གཅིག་གྱུར་བཟོས་ནས་ནད་ཐོག་སྨན་བཅོས་ཀྱི་གྲངས་གཞིའི་ཚད་ལྡན་ཅན་གྱི་དོ་དམ་མངོན་འགྱུར་ཧུར་ཐག་ཐུབ་ཡོད། གཉིས་ནས་སྨན་བཅོས་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་མི་དམངས་མང་ཚོགས་ཀྱི་ནད་ལྟ་སྐབས་ཀྱི“དཀའ་གནད”བསལ་ཡོད། གསུམ་ནས་བློ་རིག་སྨན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྨན་ཁང་གི་བློ་རིག་ཞབས་ཞུའི་རིམ་དབྱེའི་དཔྱད་དཔོག་ཚད་གཞིའི་མ་ལག་བཟོས་པ་དང་། སྨན་ཁང་གིས་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱོད་པར་སྐུལ་འདེད་བཏང་བ། སྨན་བཅོས་ཀྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་བཏང་བ། ཞིབ་ཕྲ་ཅན་དང་ཆ་འཕྲིན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ། བཞི་ནས་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་ནས་སྨན་བཅོས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།