ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་དམངས་འཚོའི་ལས་འགན་ཆེན་པོ་བརྒྱད་ལ་དུས་ཚོད་རེའུ་མིག་དང་ལམ་རིས་གསལ་པོ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོགས་རིང་། དམངས་འཚོའི་ལས་འགན་རབ་དང་རིམ་པར་སྤྱི་ཚོགས་ཀྱི་དོ་ཁུར་ཐོབ་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་ནོར་སྲིད་ཀྱི་སྔོན་རྩིས་སྙན་སྒྲོན། དེ་བཞིན་ཚོགས་འདུ་གཉིས་ཀྱི་གསར་འགོད་པའི་ཚོགས་འདུ་དང་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་བགྲོད་ལམ”སོགས་བརྒྱུད་ནས་ལས་འགན་དེ་དག་ལ་དུས་ཚོད་རེའུ་མིག་དང་ལམ་རིས་གསལ་པོ་བཏོན་པ་རེད།

མགྱོགས་མྱུར་ཡིག་ཆ་བཀྲམ་ནས་སློབ་ཕྱིའི་གསོ་སྦྱོང་གི“དྲ་ཕྱིར་ཁུར་པོ་ཡང་གཏོང་དང་དྲ་ཐོག་ཏུ་ཁུར་པོ་ལྕི་རུ་གཏོང་བའི”སྣང་ཚུལ་བཅོས་སྐྱོང་བྱ་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དེ་བས་དྲང་གཞག་དང་སྤུས་ཚད་ཡག་པའི་སློབ་གསོ་འཕེལ་རྒྱས་གཏོང་དགོས་པ་བཏོན་ཡོད། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་ཕྱིའི་གསོ་སྦྱོང་གི“དྲ་ཕྱིར་ཁུར་པོ་ཡང་གཏོང་དང་དྲ་ཐོག་ཏུ་ཁུར་པོ་ལྕི་རུ་གཏོང་བའི”སྣང་ཚུལ་ལ་དམིགས་ནས་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས“པུའུ་ཀྲང་གི་བགྲོད་ལམ”ཐོག་དྲ་ཕྱིར་བཅོས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་ལ་གཞིགས་ནས་དྲ་ཐོག་གི་སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་བཏང་སྟེ་དྲ་ཐོག་དང་དྲ་ཕྱིའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་ཡིན་པ་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཕྱོགས་བསྡུས་བཅོས་སྐྱོང་གི་ཡིག་ཆ་བཟོས་ཟིན་པས་མགྱོགས་མྱུར་ཡོངས་བསྒྲགས་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

ད་ལོར་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་བྱས་ནས་སྲོག་སྐྱོབ་སྨན་རྫས་ཡག་པོ་སྔར་བས་མང་བ་དེའི་ནང་འཇུག་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྱི་འགན་ལེན་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་པ་བཏོན་པ་རེད། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱི་ཅུས་ཀྲང་ཧུའུ་ཅིང་ལིན་གྱིས“པུའུ་ཀྲང་གི་བགྲོད་ལམ”ཐོག 2019ལོར་རེས་སྐོར་གསར་པའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ལེགས་སྒྲིག་ལས་དོན་སྤེལ་ནས་དེའི་ནང་སྲོག་སྐྱོབ་སྨན་ཡག་པོ་སྔར་བས་མང་བ་འཇུག་རྒྱུ་རེད་ཅེས་གསུངས་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མ་ཞའོ་ཝེས“པུའུ་ཀྲང་གི་བགྲོད་ལམ”ཐོག རིམ་དབྱེའི་སྨན་བཅོས་ལ་སྐུལ་འདེད་ཀྱིས“ནད་ལྟ་དཀའ་བའི”དཀའ་གནད་སེལ་བ་དང་སྨན་ཁང་དུ་སྐྲན་འགོག་སྨན་རྫས་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

ད་ལོར་དབྱང་གཉིས་ལིའུ་འགྱུར་དང་ཏན་དབྱང་འགྱུར་རྫས་ཕྱིར་འབུད་བྱེད་ཚད3%ཆག་པ་བྱ་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་རྡོག་དངོས(PM2.5)གར་ཚད་མུ་མཐུད་ཆག་པ་བྱ་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་འདི་ལོར་དབྱང་གཉིས་ལིའུ་འགྱུར་དང་ཏན་དབྱང་འགྱུར་རྫས་ཕྱིར་འབུད་བྱེད་ཚད3%ཆག་པ་བྱ་རྒྱུ་དང་། གཙོ་གནད་ས་ཁུལ་གྱི་རྡོག་དངོས(PM2.5)གར་ཚད་མུ་མཐུད་ཆག་པ་བྱ་རྒྱུ། ཆུ་དང་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་འདི་ལོར་རྫས་འགྱུར་ལ་མཁོ་བའི་གསོ་རླུང་དང་། ཨན་དང་ཏན་ཕྱིར་འབུད་བྱེད་ཚད2%ཆག་པ་བྱ་རྒྱུ་ཡིན་པ་བཏོན་པ་རེད།

ནོར་སྲིད་སྔོན་རྩིས་སྙན་སྒྲོན་ནང་། ཀྲུང་དབྱང་ནོར་སྲིད་ཀྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་མ་དངུལ་སྒོར་དུང་ཕྱུར250བཏང་བར25%འཕར་བ་དང་། གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱ་རྒྱུ་དེ་ཆུའི་སྦགས་བཙོག་བཅོས་སྒྲིག་བྱེད་པའི་གཙོ་གནད་ལས་འགན་ལ་བརྩིས་ནས་ཆུའི་སྦགས་བཙོག་འགོག་བཅོས་བྱེད་པའི་ཐད་མ་དངུལ་སྒོར་དུང་ཕྱུར300བཏང་ནས45.3%འཕར་བ་བྱ་རྒྱུ་རེད་ཅེས་བཏོན་པ་རེད།

ད་ལོར་རྒྱལ་ཡོངས་ཀྱི་གྲོང་ཚོ་ཁྲི་གསུམ་གྱི་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པ་དང་། “གསང་སྤྱོད་གསར་བརྗེ”དང་གད་སྙིགས་དང་བཙོག་ཆུ་གཙང་གསིང་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་དགོས་ཞེས་བཏོན་ཡོད། ཞིང་ལས་གྲོང་གསེབ་པུའུ་ཡི་པུའུ་ཀྲང་ཧན་ཁྲང་ཧྥུ་ཡིས“པུའུ་ཀྲང་གི་བགྲོད་ལམ”ཐོག འདི་ལོར་རྒྱལ་ཡོངས་ཀྱི་གྲོང་ཚོ་ཁྲི་གསུམ་གྱི་ཞིང་དུད་ཁྲི་ཆིག་སྟོང་གི་གསང་སྤྱོད་སྒྱུར་བཀོད་སྤྱིའི་ཆ་ནས་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅི་ལིན་ཞིང་ཆེན་ཡུས་ཧྲུའུ་གྲོང་ཁྱེར་ཡུང་ཧྲེང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཝང་གཡན་ཧྥེང་གིས་གསང་སྤྱོད་སྒྱུར་བཀོད་ནི་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པའི་ནང་དོན་གལ་ཆེན་ཞིག་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གྲྭ་ཞིག་རེད། གོམ་སྟབས་རྗེས་མར་མ་དངུལ་གཏོང་ཤུགས་དང་འཛུགས་སྐྲུན་གྱི་སྤུས་ཚད་འགན་ལེན་བྱས་ཏེ་ཞིང་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས་ཞེས་གསུངས་པ་རེད།

ད་ལོར་དབུལ་པོ་ཁྲི1000ཡན་ཉུང་དུ་གཏོང་བ་དང་རྫོང་དབུལ་པོ300ཡིས་དབུལ་ཞྭ་འཕུད་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འདི་ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ཡན་ཉུང་དུ་གཏོང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་འཆར་འགོད་འཛུགས་སྐྲུན་ལས་འགན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུའུ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་འདི་ལོར་རྫོང་དབུལ་པོ་300ཙམ་དབུལ་ཞྭ་འཕུད་ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཤིས་ཞིང་ཆེན་ཡིའུ་ཡུས་རྫོང་ཀྲང་ཆན་ཧུའུ་ལིང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཧུང་ཞང་གིས་ད་ཆ་2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བར་དུས་ཚོད་རིང་པོ་མེད་པས། ངེས་པར་དུ་གནད་སྨིན་དབུལ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཤིན་ཏུ་དབུལ་པོའི་ས་ཁུལ་ལ་དམིགས་དགོས། ཆེད་དོན་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས་ཤིང་། ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས“དབུལ་ཞྭ་ཕུད་པ”དང་། སློབ་གསོའི་དབུལ་སྐྱོར་ལ་བརྟེན་ནས“དབུལ་པོའི་རྩ་བ་དྲུངས་ནས་འབྱིན”དགོས་ཞེས་གསུངས་པ་རེད།

ལོ་མཇུག་གོང་དུ་ལག་ཁྱེར་ཁ་པར་སྤྱོད་མཁན་ཚང་མས་རང་མོས་ངང“རྟགས་ཁྱེར་དྲ་བརྒྱུད”ཐུབ་པ་བྱ་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། འདི་ལོར་སྒུལ་བདེའི་དྲ་རྒྱའི་བརྒྱུད་འབོར་གྱི་ཆ་སྙོམས་འགྲོ་གྲོན་སླར་ཡང20%ཡན་གཅོག་རྒྱུ་དང་རྒྱལ་ཡོངས་སུ“རྟགས་ཁྱེར་དྲ་བརྒྱུད”ཐུབ་པ་བྱས་ཏེ་སྡེབ་གྲོན་བཀོད་སྒྲིག་ཚད་ལྡན་ཡོང་བ་བྱེད་དགོས་པ་བཏོན་པ་རེད། བཟོ་འཕྲིན་པུའི་པུའུ་ཀྲང་མིའོ་ཤུས་ཀྱིས“པུའུ་ཀྲང་བགྲོད་ལམ”ཐོག་བཅར་འདྲི་དང་ལེན་ཞུ་སྐབས། སྒུལ་བདེའི་དྲ་རྒྱའི་བརྒྱུད་འབོར་གྱི་འགྲོ་གྲོན་སྔར་བས་བཅག་ནས་ལོ་མཇུག་གོང་ལག་ཁྱེར་ཁ་པར་སྤྱོད་མཁན་ཚང་མས་རང་མོས་ངང“རྟགས་ཁྱེར་དྲ་བརྒྱུད”ཐུབ་པ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་ལན་ཐུང་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲང་ཡུན་ཡུང་གིས་འདི་ལོ“རྟགས་ཁྱེར་དྲ་བརྒྱུད”བྱ་རྒྱུ་དེ་ཚོད་ལྟའི་ཞིང་ཆེན་དང་གྲོང་ཁྱེར་5ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་དང་། དེའི་ཐོག་ནས་སྲིད་གཞུང་གིས་གློག་འཕྲིན་གྱི་འགྲོ་གྲོན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་མཚོན་ཞིང་། དེས་ཚོང་གཉེར་བར་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་རྒྱུར་ལྕག་སྐུལ་ཐུབ་ཐོག འཛད་སྤྱོད་པས་དེ་བས་གཟིགས་སྐྱོང་གི་འགྲོ་གྲོན་དང་འདེམས་དབང་དེ་བས་མང་བ་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།

ད་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཁེ་ལས་དང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་དང་། སླད་ཕྱིན་ལོ་གསུམ་ནས་ལྔ་བར་ཀུན་ཕན་རང་བཞིན་གྱི་རྒན་གསོའི་ཉལ་ཁྲི་ཁྲི་བརྒྱ་ལྷག་ཙམ་མང་དུ་གཏོང་རྒྱུ།

ནོར་སྲིད་སྔོན་རྩིས་སྙན་སྒྲོན་ནང་། 2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་། ཆ་སྙོམས་བྱས་ན་ཁེ་ལས་དང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་5%སྤོར་རྒྱུ་ཡིན་པ་བཏོན་པ་རེད། གསར་འགོད་པའི་ཚོགས་འདུའི་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་སླད་ཕྱིན་ལོ་གསུམ་ནས་ལྔ་བར་རིགས་ཁག་གི་རྒན་གསོའི་ཞབས་ཞུའི་ཉལ་ཁྲི་མང་དུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་མ་ཟད། གྲོང་ཁྱེར་དང་ཁེ་ལས་མཉམ་འགུལ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཀུན་ཕན་རང་བཞིན་གྱི་རྒན་གསོའི་ཉལ་ཁྲི་ཁྲི་བརྒྱ་ལྷག་ཙམ་མང་དུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།

ཀྲུང་དབྱང་ནོར་དཔལ་སློབ་ཆེན་སྤྱི་ཚོགས་འགན་སྲུང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲུའུ་ཧྥུའུ་ལིན་གྱིས་འདི་ལོར་ད་དུང་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་འོས་འཚམ་ངང་མཐོ་རུ་བཏང་ནས་རྒན་གསོའི་དངུལ“བསྟུད་མར་ལེགས་སྒྲིག་ཐེངས་15”བྱ་རྒྱུ་རེད་ཅེས་གསུངས་པ་རེད།

2020ལོར་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་སྤྱིའི་ཆ་ནས་མེད་པར་བཟོ་རྒྱུ།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། གཞུང་ལམ་གྱི་གྲོན་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལོ་གཉིས་ནང་ཚུན་དུ་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་སྤྱིའི་ཆ་ནས་མེད་པར་བཟོས་ནས། རླངས་འཁོར་ཁ་འགོག་མི་དགོས་པར་མགྱོགས་མྱུར་འགྲོ་གྲོན་བསྡུ་རྒྱུ་མངོན་འགྱུར་བྱས་པ་བརྒྱུད། འཚང་ཁ་ཆུང་དུ་བཏང་ནས་མང་ཚོགས་ལ་སྟབས་བདེ་སྐྲུན་རྒྱུ་ཡིན་པ་བཏོན་པ་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་ལི་ཞའོ་ཕེང་གིས“པུའུ་ཀྲང་གི་བགྲོད་ལམ”ཐོག 2019ལོར་པེ་ཅིང་དང་། ཐན་ཅིང་། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་དང་དེ་བཞིན་བྱང་ཤར་དང་ལྷོ་ནུབ་བཅས་ས་ཁུལ་གྱི་གཙོ་གནད་ཞིང་ཆེན་གྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་མེད་པར་བཟོ་རྒྱུ་རེད། 2020ལོར་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་སྤྱིའི་ཆ་ནས་མེད་པར་བཟོ་རྒྱུ་རེད་ཅེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།