ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ད་ལོར་དགེ་རྒན་གྱི་བཅའ་ཁྲིམས་བཟོ་བཅོས་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར།གསར་འགོད་པས་སློབ་གསོ་པུའུ་ཡིས་བསྡུས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཤེས་པ་ལྟར་ན།ད་ལོར་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་བྱེད་པའི་སྤྱི་ཡོངས་རང་བཞིན་གྱི་ལམ་ལུགས་ཇུས་འགོད་བྱེད་པར་ཤུགས་བསྣན་ནས།དགེ་རྒན་གྱི་བཅའ་ཁྲིམས་བཟོ་བཅོས་བྱེད་རྒྱུ་ཡིན་པ་དང་།དུས་རབས་གསར་པའི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གསོའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་བྱེད་པའི་ཐད་ཀྱི་སྲིད་ཇུས་དང་ཡིག་ཆ་བཟོས་ནས་འགྲེམ་སྤེལ་བྱེད་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན།ལོ་གཅིག་གི་སྔོན་དུ།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་བྱེད་ཚད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར》བཏོན་ཅིང་།ལོ་གཅིག་གི་རིང་ལ་ས་ཆ་སོ་སོས་ཧུར་བརྩོན་སྒོས་དངོས་འབེབས་བྱས།མིག་སྔའི་བར།ཞིང་ཆེན30ལྷག་གིས་རང་ས་གནས་ཀྱི་དོན་དངོས་གནས་ཚུལ་དང་བསྟུན་ནས་སྤུས་ཚད་མཐོ་བའི་ལག་བསྟར་བསམ་འཆར་བཏོན།ད་ལོར་སློབ་གསོ་པུའུ་ཡིས་སྔར་ལས་འཐུས་སྒོ་ཚང་བའི་རྩེ་རིམ་ཇུས་འགོད་བཏོན་པ་དང་།དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་དར་སྲོལ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་ཐད་ཀྱི་བསམ་འཆར་བཏོན་ནས།ས་ཆ་སོ་སོའི་སློབ་གྲྭ་གྲགས་ཅན་རྣམས་ཀྱིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་ལག་བསྟར་གཏིང་ཟབ་བྱེད་ཀྱིན་ཡོད་མེད་ལ་ལྟ་སྐུལ་བྱེད་པ་དང་།ལམ་ལུགས་ཀྱི་བྱེད་ཐབས་ཇེ་ཞིབ་ཏུ་བཏང་སྟེ།ཚད་གཞིའི་བླང་བྱ་དེ་དགེ་རྒན་གྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དང་གཏན་འགོག་བྱེད་པའི་ཚད་ཐིག་ཏུ་འཇོག་དགོས་པར་མ་ཟད།དགེ་ཐོན་སློབ་གླིང་དང་དགེ་རྒན་གྱི་ཆེད་ལས་འཛུགས་སྐྲུན་དང་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་གཏོང་དགོས་ལ།གསར་གཏོད་སྒྲིག་ཁོངས་བསྐོ་བཞག་བྱེད་པར་སྐུལ་འདེད་བཏང་ནས།སློབ་ཆུང་དང་བྱིས་བཅོལ་ཁང་གི་དགེ་རྒན་མི་འདང་བའི་དཀའ་གནད་ཧུར་བརྩོན་གྱིས་ཐག་གཅོད་རྒྱུ་དང་།ད་རུང་ཞིང་སྡེ་དང་དབུལ་ཕོངས་ས་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས།སློབ་གསོའི་དབུལ་པོ་ལས་ཐར་བར་ཤུགས་སྣོན་དང་རོགས་སྐྱོར་བྱེད་རྒྱུ་རེད།

སློབ་གསོ་པུའུ་དགེ་རྒན་ལས་དོན་སི་ཡི་སི་ཀྲང་རེང་ཡིའུ་ཆུན་གྱིས“ད་ལོར།ང་ཚོས་ས་ཆ་སོ་སོའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་བསྒྱུར་བྱེད་པའི་ཐད་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱེད་པ་དང་།གདེང་འཇོག་དམིགས་ཚད་མ་ལག་ཞིབ་འཇུག་བཟོ་སྐྲུན་བྱས་ཏེ།ཕྱོགས་གསུམ་པ་ནས་ཚོད་དཔག་བྱེད་རྒྱུ་དང་།བརྡ་ཁྱབ་སྤེལ་བའི་ལམ་ལུགས་བཙུགས་ནས།དུས་བཅད་མ་ཡིན་པའི་སྒོ་ནས་དངོས་འབེབས་ལེགས་པོ་མི་བྱེད་པ་དང་འཕེལ་རྒྱས་མེད་པ།འབྲས་བུ་མངོན་གསལ་མིན་པའི་ས་གནས་ཀྱི་དཔེ་མཚོན་ཁྱབ་བསྒྲགས་བྱེད་རྒྱུ་ཡིན”ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།