ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་སྲིད་གཞུང་བྱ་བའི་སྙན་ཞུའི་མ་ཡིག་ལ་གྲོས་བསྡུར་བྱས་པ་དང་། ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བ་གཙོ་བོའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། གནས་བབ་གསར་བ་དང་ལས་འགན་གསར་བ། འགྲན་རྩོད་གསར་བ་བཅས་ལ་དམིགས་ཏེ་སྲིད་གཞུང་བྱ་བ་བཟང་བོར་སྒྲུབ་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཚོང་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་མུ་མཐུད་དུ་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བྱེད་དགོས་ལ། ཆུང་ཕྱོགས་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ཆེ་ཕྱོགས་ཀྱི་ཚོད་འཛིན་དང་སྙོམས་སྒྲིག་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བཅས་ཀྱི་བྱ་བར་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་དེ་འོས་འཚམ་གྱི་ཁུལ་གནས་སུ་སྲུང་འཛིན་བྱས་ནས། ལས་ཞུགས་དང་དངུལ་རྩ། ཕྱི་ཕྱོགས་ཉོ་ཚོང་། ཕྱི་ཕྱོགས་དངུལ་བསྡུ། དངུལ་གཏོང་། སྔོན་དཔག་དུས་སྐབས་བཅས་སྔར་ལས་བརྟན་འཇགས་སུ་གཏོང་དགོས་པ་དང་། ཚོང་རའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོར་ཚོར་དང་སྐྱིད་སྣང་། བདེ་ཚོར་ཇེ་དྲག་ཏུ་གཏོང་དགོས་ལ། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཐད་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་བཀོད་སྒྲིག་ལ་ཡིད་འཐད་བྱུང་།

ཚོགས་ཐོག་ནས་བསྟན་དོན། ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་བྱ་བའི་སྲོལ་ཡིག་གཏན་འཁེལ་བྱས་པ་དེ་དེང་སྐབས་ལས་བྱེད་པའི་དཔྱད་ཞིབ་བྱ་བ་དང་ལས་བྱེད་པའི་དཔུང་སྡེའི་ཁྲོད་དུ་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ལས་བྱེད་པས་རྣམ་འགྱུར་ལེགས་པོ་འཛིན་པ་དང་སྤྱོད་ཚུལ་བཟང་བོར་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་སྣེ་ཁྲིད་བྱེད་པ། ཏང་ཡོངས་ཀྱིས་འདོད་བློ་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར། གོ་རིམ་གཅིག་གྱུར་སྒོས་མདུན་དུ་སྐྱོད་རྒྱུར་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན། རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས། དེ་མིན་དེའི་རྩ་འཛུགས་ཀྱི་མི་དོན་ལས་ཁུངས་ཀྱིས་སྲོལ་ཡིག་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། ཡིད་ཆེས་བརྟན་ཞིང་དམངས་ལ་ཞབས་ཕྱི་བསྒྲུབ་པ་དང་། སྲིད་གཙང་དངོས་གཉེར། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། སྤྱོད་གཙང་སྲོལ་བཟང་གི་བྱང་ཚད་མཐོ་བའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།