ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་ལིག་ཧི་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཨ་མེ་རི་ཁ་ན་སྐོར་ཐེངས་བདུན་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་བྱེད་བཞིན་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིག་ཧི་ལ་ཐུག་འཕྲད་བྱས།

ལིག་ཧི་ཡིས་བཤད་རྒྱུར། ང་རང་ད་ཐེངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་ཡིན་པའི་ཆ་ནས་ཡར་བསྐྱར་ཧྭ་ཧྲིན་ཏུང་ལ་འཚམས་འདྲིར་ཡོང་བ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་སྔར་ལས་དངོས་འབེབས་བྱས་ཏེ་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་ད་ཡོད་ཀྱི་རྨང་གཞིའི་སྟེང་སྔར་ལས་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཉིན་གཉིས་ཀྱི་རིང་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་ཁག་གིས་གྲུབ་འབྲས་ལྡན་པའི་གྲོས་མོལ་བྱས་ཏེ། ཉོ་ཚོང་དོ་མཉམ་དང་ཞིང་ལས། ལག་རྩལ་བརྒྱུད་སྤྲོད། ཤེས་བྱའི་ཐོན་དབང་སྲུང་སྐྱོབ། དངུལ་རྩའི་ཞབས་ཕྱི་སོགས་ཕྱོགས་སུ་གྲུབ་འབྲས་མངོན་གསལ་བླངས། གོ་རིམ་རྗེས་མར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱེད་པ་དང་ནུས་ལྡན་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གནང་བའི་འགན་འཁྲི་ལྕི་མོ་ཡོངས་འགྲུབ་བྱེད་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་། སྐབས་འདིའི་མཐོ་རིམ་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་མཉམ་དུ་བྱ་བ་མི་ཉུང་བ་ཞིག་ཡོངས་འགྲུབ་བྱེད་དགོས། དེ་བས་ཕྱོགས་གཉིས་ཀྱིས་སྐབས་འདིའི་གྲོས་མོལ་དུས་ཡུན་ཉིན་གཉིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། གྲོས་མོལ་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན། བདག་གིས་མི་འགྱངས་པར་ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཏེ་ཨ་མེ་རི་ཁ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་མཉམ་དུ་བདེན་དཔང་བྱེད་རྒྱུར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།