ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་རྨོད་ལས་དོན་ལྷོ་རྒྱུད་ནས་བྱང་རྒྱུད་ཕྱོགས་སུ་རིམ་གྱིས་སྤེལ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་བཏང་མ་ཐག ཧྭ་ནན་གྱི་གྲོ་ལྗང་རྐང་སྡོང་རྒྱས་འགོ་ཚུགས་པ་དང་། ཧྭ་ཀྲུང་གི་གྲོ་ལྗང་སྡོང་ལག་རྒྱས་འགོ་ཚུགས་པ། ཧྭ་པེའི་གྲོ་ལྗང་སྔོ་ལོག་འགོ་ཚུགས་ནས་དཔྱིད་རྨོད་ལས་དོན་ལྷོ་རྒྱུད་ནས་བྱང་རྒྱུད་དུ་རིམ་གྱིས་སྤེལ་འགོ་ཚུགས་ཏེ“བརྟན་ཐོག་ཡར་བརྩོན་དང་ལེགས་སྒྲིག་བཟང་སྒྲིག”གི་ངེས་ཤུགས་ཤིག་ཤུགས་ཀྱིས་མངོན།

“བརྟན་པོ”དང“ལེགས་སྒྲིག”ནི་འདི་ལོའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་སྤེལ་བ་ལས་བྱུང་བའི་བག་ཆགས་ཟབ་མོ་ཞིག་རེད།

འབྲུ་རིགས་བརྟན་པོ་དགོས་པར་འགག་རྩ་དེ་སྲིད་ཇུས་བརྟན་པོ་དང་། རྒྱ་ཁྱོན་བརྟན་པོ། ཐོན་ཚད་བརྟན་པོ་བཅས་ལ་ཐུག་ཡོད།

མིག་སྔར། ཞིང་ལས་ཐོན་སྐྱེད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་སྲིད་ཇུས་ཀྱི་བརྡ་རྟགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད། རྒྱལ་ཁབ་ཀྱིས་གྲོ་དང་ཤུན་ལྡན་འབྲས་རིན་གོང་ཁེ་ཤོས་ཐོག་ནས་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་ཏེ་ཉོ་སྒྲུབ་རིན་གོང་སྤྱིར་ན་བརྟན་པོ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་ཀྱིས་མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ལས་ཀྱི་ཡིད་རྟོན་དངུལ་བུན་དང་འགན་བཅོལ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལེགས་སུ་བཏང་ཡོད། རྒྱལ་ཁབ་ཀྱིས་སོན་བཟང་གི་འགག་སྒོ་ཆེ་མོ་ལས་སྒྲོལ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ནད་འབུའི་གནོད་འཚེའི་ཆེད་ལས་ཅན་གྱི་འགོག་བཅོས་ལ་སྐུལ་འདེད་བཏང་ནས་རྫས་ལུད་ཀྱི་ཞིང་སྨན་གྲངས་འབོར་ཉུང་དུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོ་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཡོངས་ཀྱི་ཞིང་ལས་ལེགས་སྒྲིག་བྱས་ཚུལ་ནས་བལྟས་ཚེ། འདི་ལོ་ཧྲན་ཏུང་ཞིང་ཆེན་གྱི་གྲོ་འདེབས་ཁྱོན་མུའུ་ཁྲི་6000ཡན་རྒྱུན་འཁྱོངས་ཐུབ་པ་དང་ཅང་སུའུ་ཞིང་ཆེན་གྱི་ཆུ་འབྲས་རྒྱ་ཁྱོན་མུའུ་ཁྲི་3200རྒྱུན་འཁྱོངས་ཐུབ་ཡོད།

འབྲུ་རིགས་ཐོན་ཚད་བརྟན་པོ་དགོས་པ། ལག་པར་འབྲུ་རིགས་འདང་ངེས་ཡོད་ན་སེམས་ཁྲལ་བྱེད་དགོས་མེད། དཔལ་འབྱོར་གྱི་ཉེན་ཁར་དོགས་ཟོན་དང་སེལ་བར་ཞིང་ལས་ཀྱི་གནོན་རྡོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་རེད། ཞིང་ལས་དང་གྲོང་གསེབ་ཀྱི་དུས་བབ་བཟང་པོ་བརྟན་དུ་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ལ་འགན་ལེན་བྱ་རྒྱུར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་འཚོགས་པའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ལས་དོན་གྱི་བརྙན་འཕྲིན་ཚོགས་འདུའི་ཐོག་འབྲུ་རིགས་ཀྱི་ཐོན་ཚད་དེ་2018ལོའི་ཆུ་ཚད་ཐོག་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

ཞིང་ལས་ལེགས་སྒྲིག་ཡོང་བར་འགག་རྩ་དེ་གྲུབ་ཆ་ལེགས་སྒྲིག་དང་། བྱེད་ཐབས་ལེགས་སྒྲིག སྒུལ་ཤུགས་ལེགས་སྒྲིག་བཅས་ལ་ཐུག་ཡོད།

དཔྱིད་འདེབས་ནི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་དང་ཐོན་རྫས་དཀོན་གྲས་མཁོ་སྤྲོད་བྱེད་མང་དུ་གཏོང་བའི་འགག་རྩ་ཞིག་རེད། དཔྱིད་འདེབས་ཀྱིས་ལོ་ཧྲིལ་པོའི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་གྱི་50%བཟུང་བ་དང་དེ་ནི་སྐྱེ་དངོས་བཏབ་ཤུལ་བཀོད་སྒྲིག་དང་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་གི་སྐར་ཁུང་གཙོ་བོ་ཞིག་རེད། ཞིང་ལས་དང་གྲོང་གསེབ་པུས་བཏོན་དོན། འདི་ལོ་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་གི་གཙོ་གནད་ནི་མ་རྨོས་ལོ་ཏོག་གི་ལེགས་སྒྲིག་གྲུབ་འབྲས་བརྟན་དུ་གཏོང་བ་དང་། སྤུས་ཚད་ཞན་པ་དང་ཕན་འབྲས་ཆུང་བའི་ཁུལ་གྱི་ཆུ་འབྲས་དང་གྲོའི་རྒྱ་ཁྱོན་འོས་འཚམ་ངང་ཆུང་དུ་གཏོང་བ། སྲན་ཆེན་དང་སྣུམ་རྒྱུའི་ཐོན་སྐྱེད་ཆེ་རུ་གཏོང་རྒྱུ་བཅས་ཡིན། “ཟོར་བའི་དབྱིབས”སོགས་ཀྱི་མ་རྨོས་ལོ་ཏོག་གི་ལེགས་ཆ་མིན་པའི་ཐོན་ཁུལ་གྱི་སྐྱེ་དངོས་གྲུབ་ཆ་མུ་མཐུད་ལེགས་སྒྲིག་དང་མ་རྨོས་ལོ་ཏོག་གི་ཐོན་སྐྱེད་ནུས་པའི་ཁུལ་དང་ལེགས་ཆའི་ཁུལ་གྱི་ཐོན་ཚད་མང་དུ་བཏང་སྟེ་མཁོ་སྤྲོད་སྤྱིར་ན་བརྟན་པོ་ཡོང་བ་བྱ་རྒྱུ་རེད། གཙང་གསུམ་བདེ་ཐང་ས་འོག་གི་ཆུ་འབྲས་འཐུ་ཁུལ་གྱི་ཁྲོན་ཆུ་ཞིང་འདྲེན་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་སྲན་ཆེན་དར་རྒྱས་འཆར་གཞི་ལག་ལེན་བསྟར་འགོ་ཚུགས་རྒྱུ། བྱང་ཤར་ཁུལ་གྱིས་མ་རྨོས་ལོ་ཏོག་དང་སྲན་ཆེན་དཀར་པོ་ཐོན་སྐྱེད་བྱེད་མཁན་གྱི་ཁ་གསབ་དང་རེས་འཁོར་སོན་འདེབས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་པའི་སྲན་ཆེན་འདེབས་རྒྱ་ཆེ་རུ་གཏོང་བའི་ཧུར་སེམས་ཆེ་རུ་གཏོང་རྒྱུ། ཧོང་ཧའེ་དང་ཧོའེ་ཧའེ་གཙང་པོའི་ཁུལ་གྱིས་གྲོ་དང་སྲན་ཆེན་རེས་འཁོར་སོན་འདེབས་བྱེད་སྟངས་ཁྱབ་གདལ་ལ་སྐུལ་ལྕག་དང་ལྷོ་ནུབ་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་མ་རྨོས་ལོ་ཏོག་དང་སྲན་ཆེན་དབར་གྱི་སྣོལ་འདེབས་ཁྱབ་གདལ་བཏང་སྟེ་སྤུས་ལེགས་ཀྱི་བཟའ་སྤྱོད་སྲན་ཆེན་འཕེལ་རྒྱས་གཏོང་རྒྱུ་རེད།

བྱེད་སྟངས་ལེགས་སྒྲིག་བྱེད་པར་ཞིང་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་དམིགས་པ་དང་། ཞིང་ལས་མ་འཇོག་དངོས་པོ་སྤྱོད་ཚད་ཉུང་དུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་སྙིགས་རྫས་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་ཞིང་ལས་ཐོན་ཁུངས་ཀྱི་བདག་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

འདི་ལོ་རང་རྒྱལ་གྱི་ཤིང་འབྲས་དང་། སྔོ་ཚལ། ཇ་ལོ་བཅས་ཀྱི་སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པའི་ཚོད་ལྟའི་ལས་དོན་རྫོང་175རུ་སྤེལ་བ་དང་། རྫོང་100རུ་ཞིང་སྤྱོད་འགྱིག་ཤོག་ཚུར་བསྡུའི་དཔེ་སྟོན་བྱ་སྤྱོད་སྤེལ་ནས་སོག་མ་བེད་སྤྱོད་ཀྱི་ས་ཁོངས་རང་བཞིན་གྱི་ཁ་གསབ་ལམ་ལུགས་གསར་གཏོད་བྱས་ཏེ་ཞིང་ལས་སྐྱེ་དངོས་གཙོ་བོའི་ལྗང་མདོག་གི་སྔོན་འགོག་ཚོད་འཛིན་ཁྱབ་ཚད་བརྟན་པོའི་ངང་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

སྒུལ་ཤུགས་ལེགས་སྒྲིག་བྱེད་པར་ཞིང་ལས་ཀྱི་སྒྲིག་ཆས་ཆུ་ཚད་ལ་དམིགས་པ་དང་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གིས་དེང་རབས་ཞིང་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། 2020ལོར་སླེབས་སྐབས་མུའུ་དུང་ཕྱུར་8ཀྱི་ཚད་གཞི་མཐོ་བའི་ས་ཞིང་བསྐྲུན་རྒྱུའི་འགན་ལེན་བྱ་རྒྱུ་དང་། འདི་ལོ་དང་སང་ལོར་ལོ་ལྟར་མུའུ་ཁྲི་8000ཡན་ལེགས་སྒྲུབ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པའི་ཁུལ་དང་ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་སྲུང་སྐྱོང་ཁུལ་གྱི་དབྱེ་འབྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་མུའུ་དུང་ཕྱུར་10.58ཀྱི་དབྱེ་འབྱེད་ལས་འགན་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ཏེ་ཚད་གཞི་མཐོ་བའི་ས་ཞིང་དང་ཆུ་བེད་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ་མ་འཇོག་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཞིང་ལས་དང་གྲོང་གསེབ་པུའི་འགན་འཁུར་བས་འདི་ལོའི་དཔྱིད་རྨོད་ཐོན་སྐྱེད་ཀྱི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་གཙོ་གནད་ལ་དམིགས་པ་དང་རིམ་པ་སྟར་ཆགས་ཀྱིས་དཔྱིད་དུས་ཀྱི་ཞིང་ནང་གཡོག་བྱེད་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་དམག་འཐབ་དྲག་པོ་དེ་ཡག་པོ་རྒྱག་པར་ཕྱོགས་མང་པོའི་ཐད་ཤུགས་རྒྱག་དགོས་པ་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། གནམ་གཤིས་དྲོ་རུ་འགྲོ་བའི་ཕན་ཡོད་གོ་སྐབས་ལ་དམ་འཛིན་བྱས་ཏེ་རྫས་ལུད་དོ་དམ་ཡག་པོ་བྱེད་པ་དང་། ཐན་འགོག་གྲང་འགོག་མངོན་གསལ་དོད་དུ་དང་དམ་འཛིན་ཡག་པོ་བྱེད་པ། མྱུ་གུ་སྐྱེ་ཚུལ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལུགས་མཐུན་གྱི་ཚོགས་པའི་གྲུབ་ཆ་ཞིག་གཏོད་དགོས་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།