ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཕུའུ་ཐའོ་ཡཱའི་ཙུང་ཐུང་གིས་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ཐད་ནས་ཕན་ཚུན་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕུའུ་ཐའོ་ཡཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏི་སོ་སཱ་རྣམ་གཉིས་ཀྱིས་ཚེས་བརྒྱད་ཉིན་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བར་རྟེན་འབྲེལ་ཞུས། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བར་ཡུན་རིང་བའི་མཛའ་བཤེས་འབྲེལ་བ་ལྡན་པ་དང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བཏང་། གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོར། ཕྱོགས་གཉིས་ཀྱིས་ཨོ་མིན་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། རྒྱལ་ཁབ་དང་རྒྱལ་ཁབ་ཀྱིས་མཛའ་མཐུན་གྲོས་མོལ་ལ་བརྟེན་ནས་ལོ་རྒྱུས་ལས་བྱུང་བའི་གནད་དོན་གཅོད་བྱེད་པའི་མ་དཔེ་བཟང་བོ་ཞིག་ཆགས་པར་བྱས། ཉིས་སྟོང་ལྔ་ལོར་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་ཕན་ཚུན་འཚམས་འདྲི་ཇེ་མང་དུ་སོང་བ་དང་། ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སོང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་མངོན་གསལ་བྱུང་། ཅང་མ་འགོར་བའི་སྔོན་ངས་ཕུའུ་ཐའོ་ཡཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་། ཁྱེད་དང་མཉམ་དུ་མཛའ་མཐུན་བརྗེ་རེས་བྱས་པར་མ་ཟད། མཉམ་དུ་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་འབྲེལ་བའི་འཕེལ་རྒྱས་ཀྱི་ཇུས་གཞི་འཆར་འགོད་བྱས། ངས་ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཤིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བ་མགོ་རྩོམ་ས་གསར་བར་བྱས་ཏེ། ཀྲུང་གོ་དང་ཕུའུ་ཐའོ་ཡཱའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ཏི་སོ་སཱ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཕུའུ་ཐའོ་ཡཱ་དང་ཀྲུང་གོའི་བར་འབྲེལ་བ་ཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་འཆམ་མཐུན་མཉམ་གནས་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ་གཉིས་ཕན་གཉིས་རྒྱལ་བྱུང་། ཕྱོགས་གཉིས་ཀྱིས་འདྲ་མཉམ་གྲོས་མོལ་ལ་བརྟེན་ནས་ཐུན་མོང་གི་ལྟ་ཚུལ་གཅིག་བསྡུས་བྱས་པ་དང་། ཨོ་མིན་གྱི་སྲིད་དབང་བརྒྱུད་སྤྲོད་བདེ་བླག་ངང་མངོན་འགྱུར་བྱུང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མ་དཔེ་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད། ཕུའུ་ཐའོ་ཡཱ་ཡིས་རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་ཞི་བདེའི་འགྲོ་འོང་དེ་ང་རྒྱལ་དུ་རློམ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ན། རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་གཏན་འཇགས་ཀྱི་མཛའ་མཐུན་འབྲེལ་བ་མདུན་ནས་མདུན་དུ་འཕེལ་རྒྱས་སུ་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།