ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་རིག་གནས་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པར་འཚམས་འདྲི་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིག་གནས་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པར་ལྟ་རུ་སོང་སྟེ་ཁོ་ཚོར་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་། རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་དང་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

རིག་གནས་ལས་རིགས་ཀྱི་མིང་གྲགས་མི་སྣ་དང་ཚན་རྩལ་ཆེད་མཁས་པ་ཁ་ཤས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་། ཏང་ཀྲུང་དབྱང་གི་རིག་གནས་ལས་དོན་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་སུ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལ་གཟེངས་བསྟོད་བྱེད་པའི་ཚུལ་བསྟན། ཝང་ཧུའུ་ཉིང་གིས་གསུངས་རྒྱུར། རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་དང་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཏེ། ཧུར་ཐག་སྒོས་རིག་གནས་བརྩམས་ཆོས་གྲགས་ཅན་གསར་སྐྲུན་དང་གནད་འགག་སྲོག་ཤིང་ལག་རྩལ་བརྒལ་གཏོར་བྱེད་པ་སོགས་ཀྱི་ཕྱོགས་སུ་སྔར་ལས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཀྲང་ཁྲིན་ཞི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཀྲང་ཧོང་ཁུན་མེན་འཚམས་འདྲིའི་བྱ་འགུལ་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།