ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གི་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པ་དང་ཞིབ་འཇུག་བྱས་པའི་ཕྱོགས་བསྡུས་གནས་ཚུལ་གྱི་སྙན་ཞུ་དང་། ཀྲུང་གུང་ཀྲུངད་བྱང་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར། ཀྲུང་གོ་གུང་ཁྲན་ཏང་གི་དོན་དག་གལ་ཆེན་དགོངས་འཁྲོལ་སྙན་ཞུའི་སྲོལ་ཡིག ཏང་སྲིད་འགོ་ཁྲིད་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་བྱ་བའི་སྲོལ་ཡིག་བཅས་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུུའ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཉིས་སྟོང་བཅོ་བརྒྱད་ལོའི་བྱ་བར་ཁས་ལེན་གང་ལེགས་བྱས་པ་དང་། དེ་དག་གི་ཉིས་སྟོང་བཅུ་དགུ་ལོའི་བྱ་བའི་བཀོད་སྒྲིག་ལ་འཐད་པ་བྱུང་། གྲོས་ཚོགས་ནས་བལྟས་ན། འདས་པའི་ལོ་གཅིག་གི་ནང་དུ། ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དངོས་འབེབས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་བསྡུས་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་ཏེ་འགན་ནུས་བཟང་པོར་བསྒྲུབས་པ་དང་། ཏང་ཙུའུ་རང་སྟེང་གི་འཛུགས་སྐྲུན་ཤུགས་བསྣན་ཞིང་། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱས་པ་དང་། ཏང་གིས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པའི་འགན་ཁུར་གཙོ་བོ་ལག་བསྟར་བྱས་ནས། ཕྱོགས་སོ་སོའི་བྱ་བར་གོང་འཕེལ་གསར་པ་བླངས་ཡོད་པར་མ་ཟད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། འགན་ནུས་འདོན་སྤེལ་བྱས་ཡོད་པར་འདོད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ། འབྱིར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རང་རྟོགས་ཀྱིས་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་སྣེ་ཁྲིད་ནས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཏང་ཀྲུང་དབྱང་གི་གནས་བབ་གལ་ཆེན་ཐད་ཀྱི་ཚན་རིག་གི་བརྡར་གཅོད་དང་བྱ་བ་གལ་ཆེན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པ། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འགན་ནུས་ལེགས་སྒྲུབ་དང་ཁག་ཁུར་འབད་བརྩོན་བྱས་ཏེ། བྱ་བ་སྣ་ཚོགས་བཟང་པོར་སྒྲུབ་དགོས། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ལྟར། ཏང་ཙུའུ་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་ཁུར་གཙོ་བོ་ལག་བསྟར་བྱས་ཏེ། སྲོལ་ངན་བཞིའི་གནད་དོན་དང་ལྷག་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་དག་ཐེར་བཅོས་སྐྱོང་བྱེད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་མིག་དཔེ་བསྟན་ནས། གྲོས་སྡུར་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཇུས་ཆོད་ལ་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས་པ་དང་། ཕྱོགས་ཡོངས་ཀྱི་བྱ་བར་ཞབས་འདེགས་སྔར་ལས་བཟང་པོ་ཞུ་དགོས།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།